གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕྲོ་མཐུད་ཤེས་ཡོན་ལས་རིམ་ལུ་བརྟེན་པའི་ གྲུབ་འབྲས་གསལ་སྟོན།

༣༠/༨/༢༠༡༢   ༉ འཛམ་གླིང་ནང་ ཤེས་ཡོན་དེ་ མི་སྡེའི་ནང་ ག་ཅི་ལས་ཡང་ རིན་ཐང་ཅན་ཅིག་ཨིན་པའི་ངོས་འཛིན་ཐོག་ འབྲུག་ལུ་ཡང་ ཤེས་རིག་གི་སྲིད་བྱུས་ཚུ་ འགོ་བཙུགས་ཏེ་ ད་ཚུན་ ཤེས་རིག་གོང་འཕེལ་གྱི་གནས་སྟངས་ གོང་འཕེལ་འགྱོ་བཞིན་དུ་ཡོད་པའི་ནང་ལས་ ཧེ་མ་ ཤེས་རིག་གི་གོ་སྐབས་ མ་ཐོབ་མི་ཚུ་གི་དོན་ལུ་ གཞི་རྟེན་ཤེས་ཡོན་དང་ འཕྲོ་མཐུད་ཤེས་ཡོན་ལས་རིམ་ འགོ་བཙུགས་མི་དེ་གིས་ ཕན་ཐོགས་སྦོམ་བྱུང་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།
ཐིམ་ཕུ་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ འཕྲོ་མཐུན་ཤེས་ཡོན་སྦྱང་མི་ཚུ།


དེ་ཡང་ འབྲུག་ལུ་ སྤྱི་ལོ་༡༩༩༢ ལས་ གཞི་རྟེན་ཤེས་ཡོན་འགོ་བཙུགས་ཏེ་ ད་ཚུན་ ཤེས་ཡོན་གྱི་ གོ་སྐབས་མ་ཐོབ་པར་ལུས་མི་༡༦༠,༠༠༠ དེ་ཅིག་ཡོད་མི་ལུ་ འབྲི་ལྷག་གི་ ཤེས་ཡོན་ཚུ་བྱིན་ཡོད་པའི་ཁར་ ད་རུང་ འཕྲོ་མཐུད་སློབ་སྦྱོང་བྱིན་པའི་བསྒང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༦ ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་ཞིནམ་ལས་ ཤེས་ཡོན་འཕྲོ་མཐུད་ལྷབ་སའི་ གོ་སྐབས་མེད་པར་ ལཱ་གཡོག་ནང་འཛུལ་མི་དང་ སློབ་གྲྭ་བཤོལ་བཞག་མི་ཚུ་གི་དོན་ལུ་ འཕྲོ་མཐུད་ཤོས་ཡོན་ལས་རིམ་ འགོ་བཙུགས་མི་དེ་གིས་ མི་སྡེའི་ནང་ ཤེས་ཡོན་གྱི་ རིག་རྩལ་གོང་འཕེལ་ཐོག་ མི་སྡེའི་གནས་སྟངས་ལེགས་འགྱུར་ལུ་ ཕན་ཐོགས་རྒྱ་ཆེ་དྲགས་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།
ཤེས་རིག་ལྷན་ཁག་འོག་གི་ ན་ལོན་དང་མཐོ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༦ ལས་ སྤྱི་ལོ་༢༠༡༠ ཚུན་གི་རིང་ འཕྲོ་མཐུད་ཤེས་ཡོན་ལས་རིམ་ཐོག་ལས་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་༡༢༠༠ དེ་ཅིག་ཐོན་མི་ཚུ་ ད་རེས་ ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་ལས་ སློབ་སྦྱོང་འབད་བའི་བསྒང་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་ཏེ་ སློབ་གྲྭ་ཁག་ཚུ་ནང་ སློབ་དཔོན་འབད་དེ་ཡོདཔ་ཨིན་པས།
ན་ལོན་དང་མཐོ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་ ཀརྨ་འགྱུར་མེད་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༡ ལུ་ འཕྲོ་མཐུད་ཤེས་ཡོན་ལས་རིམ་ཐོག་ལས་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་༥༥༦ ཐོན་མི་ཚུ་ མང་ཤོས་ར་ མཐོ་རིམ་སློབ་གྲྭ་ཚུ་ནང་ མཐོ་རིམ་ཤེས་ཡོན་སྦྱོང་པའི་བསྒང་འདུག་ཟེར་ཨིན་པས།
དེ་མ་ཚད་ རྫོང་ཁའི་ཤེས་ཡོན་རྒྱ་བསྐྱེད་ཀྱི་དོན་ལུ་ཡང་ སེམས་རྟོགས་ཁ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་དང་ སྒེར་གྱི་རྫོང་ཁ་སློབ་སྦྱོང་ལྟེ་བ་༢ ནང་ འཕྲོ་མཐུད་ཤེས་ཡོན་ལས་རིམ་ཐོག་ སློབ་རིམ་༡༡ པ་དང་༡༢ པའི་ ཤེས་ཚད་མཐར་འཁྱོལ་མི་ཚུ་གི་དོན་ལུ་ སློབ་སྦྱོང་འཕྲོ་མཐུད་འབད་མི་ ལེ་ཤ་ཐོན་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ རྫོང་ཁའི་རིག་གཞུང་ནང་ འཕྲོ་མཐུད་ཤེས་ཡོན་ལས་རིམ་ཐོག་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་༡༩ དང་ སྤྱི་ལོ་༢༠༡༠ ལུ་༤༠ དེ་ལས་ སྤྱི་ལོ་༢༠༡༡ ལུ་༡༠༠ དེ་ཅིག་ཡོདཔ་ཨིན་པས།
ན་ལོན་དང་མཐོ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཕྲོ་མཐུད་ཤེས་ཡོན་ལས་རིམ་ཐོག་ རྫོང་ཁའི་རིག་གཞུང་ནང་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་ཚུ་གི་གྲས་ལས་༢༦ དུས་ཅི་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ མཐོ་རིམ་ཤེས་ཡོན་སྦྱང་པའི་ཡོདཔ་ད་༢༧ ཤེས་རིག་མཐོ་རིམ་སློབ་གྲྭ་ཚུ་ནང་ཡོད་པའི་ཁར་༦ དྲུང་འཚོའི་སློབ་སྦྱོང་འབད་བའི་བསྒང་འདུག་ཟེར་ཨིན་པས།
དེ་བཟུམ་མའི་ ལས་རིམ་གྱིས་ ཤེས་ཡོན་རྒྱ་བསྐྱེད་འབད་མ་ཚུགས་པར་ལུས་མི་ཚུ་ལུ་ གོ་སྐབས་སྤྲོད་ཐོག་ལས་ རང་སོའི་ཤེས་ཚད་གོང་འཕེལ་ཐོག་ འཚོ་བའི་གནས་སྟངས་ ལེགས་འགྱུར་འབད་ནིའི་ ཕན་ཐོགས་སྦོམ་ཡོད་པའི་ གསལ་སྟོན་བྱུང་ཡི་ཟེར་ཨིན་པས།
འཕྲོ་མཐུད་ཤེས་ཡོན་སྦྱང་མི་ཚུ་གིས་ རྫོང་ཁག་༢༠ འི་ནང་ གཞུང་གི་སློབ་གྲྭ་༡༣ དང་ སྒེར་གྱི་སློབ་གྲྭ་༨ དེ་ཅིག་ནང་ འཕྲོ་མཐུད་ཤེས་ཡོན་གྱི་ གོ་སྐབས་བྱིན་དོ་ཡོད་མི་ཚུ་ནང་ ཕྱི་རུ་ སློབ་གྲྭའི་དུས་ཚོད་རྫོགས་ཞིནམ་ལས་ སློབ་སྦྱོང་དུས་ཚོད་ལེན་ཐོག་ ཤེས་ཡོན་སྦྱང་སྟེ་ ལོ་འཁོར་ཆོས་རྒྱུགས་ཚུ་ སློབ་ཕྲུག་གཞན་ཚུ་དང་ ཅོག་འཐདཔ་སྦེ་ གཅིག་ཁར་རྐྱབ་དོ་ཡོདཔ་ཨིན་པས།
དུས་ཅི་ གཞུང་དང་སྒེར་གྱི་ སློབ་གྲྭ་ཡོངས་བསྡོམས་༢༡ དེ་ཅིག་ནང་ འཕྲོ་མཐུད་ཤེས་ཡོན་སྦྱང་མི་ ཡོངས་བསྡོམས་༡༩༥༩ དེ་ཅིག་ཡོད་པའི་ནང་ལས་༡༠༧༨ ཨམ་སྲུ་ཚུ་ཨིན་པའི་ཁར་ ཕོ་སྐྱེས་༨༨༡ ལས་མེདཔ་ད་ ལས་རིམ་དེ་གིས་ ཨམ་སྲུ་ཚུ་གི་ ཤེས་ཡོན་གོང་འཕེལ་གཏང་ནིའི་ནང་ ལྷན་ཐབས་སྦོམ་བྱུང་དོ་ཡོད་པའི་ གསལ་སྟོན་འབདཝ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment