གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་དུས་ཆེན་ དམིགས་བསལ་ཐོག་ བརྩི་སྲུང་ཞུ་ནི།

༡༢/༡༢/༢༠༡༢   ལྕང་གླིང་མི་ཐང་ལུ་འོང་མི་ ཆ་མཉམ་ལུ་ དྲན་རྟེན་རེ་ བགོ་སྤྲོད་འབད་ནི་དང་ སྐྱེལ་འདྲེན་ཞབས་ཏོག་ཚུ་ རིན་མེད་སྟོང་པ་སྦེ་ མཁོ་སྤྲོད་འབད་ནི།
༉ དུས་ཅིའི་ རྒྱལ་ཡོངས་དུས་ཆེན་དེ་ ཨ་རྟག་དང་མ་འདྲཝ་སྦེ་ བརྩི་སྲུང་ཞུ་ནི་གི་ ལས་རིམ་ཡོདཔ་ཨིན་པས།
དེ་ཡང་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ རང་ལུགས་ཀྱི་ གླུ་གཞས་དང་ ཞབས་ཁྲའི་སྤྲོ་སྟོན་ལས་རིམ་ཉུང་སུ་ཅིག་དང་ རྩེད་རིགས་ལས་སྣ་མངམ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མི་དེ་ འགོ་དང་པ་ཨིནམ་ད་ རྩེད་སྟོན་ཚུ་གི་གྲས་ལས་ འབྲུག་པའི་དགོད་བྲ་སྒྱུར་མི་ཚུ་གིས་ སུ་མོ་སྐེད་བཤེད་འཛིང་ནི་དང་ ཏ་ཀི་ཤིའི་རྩེད་རིགས་ དེར་ན་ ཐགཔ་གུ་ལས་འཛེགས་ནི་དང་ ཟམ་བརྒལ་འགྱོ་ནི་ གྱིབ་འཁོར་ཚུ་ལས་ ལམ་འགྱོ་ནི་ ཧང་ལག་ལེན་འཐབ་སྟེ་ འཛིང་ནི་གི་ ལས་རིམ་ཚུ་ཡོད་ཟེར་ འགོ་འདྲེན་འཐབ་མི་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་དང་ ཐིམ་ཕུ་རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།

ཐིམ་ཕུ་ ལྕང་གླིང་མི་ཐང་ནང་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་གི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ།


མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ འབྱོན་གནང་ནི་ཨིན་མི་ རྒྱལ་ཡོངས་དུས་ཆེན་ཐེངས་༡༠༥ པའི་ནང་ འོང་མི་ མི་མང་ཆ་མཉམ་ལུ་ རྒྱལ་ཡོངས་དུས་ཆེན་གྱི་ དྲན་རྟེན་རེ་ བགོ་བཀྲམ་འབད་ནི་དང་ ལྕང་གླིང་མི་ཐང་ རྒྱལ་ཡོངས་རྩེད་ཐང་ནང་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་གི་དོན་ལུ་འོང་མི་ ཆ་མཉམ་ལུ་ དྲོ་པའི་ཆུ་ཚོད་༧ ལས་འགོ་བཙུགས་ སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་ཚུ་ རིན་མེད་སྟོང་པར་སྦེ་ མཁོ་སྤྲོད་འབད་འོང་ཟེར་ ནང་སྲིད་དྲུང་ཆེན་ ཚེ་རིང་རྡོ་རྗེ་གིས་ བཤདཔ་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ནང་ རྒྱལ་བརྒྱུད་ཀྱི་ རིང་ལུགས་དབུ་བརྙེས་ཏེ་ ལོ་བརྒྱ་འཁོར་བའི་དུས་སྟོན་དང་འཁྲིལ་ དམངས་གཙོའི་རིང་ལུགས་གཞི་བཙུགས་འབད་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་སྟེ་ ལོ་༥ ཚང་བའི་ དམིགས་བསལ་དུས་ཆེན་ཅིག་ཡང་ཨིན་པས།
འདས་པའི་ལོ་ངོ་དག་པ་ཅིག་ལས་ རྒྱལ་ཡོངས་དུས་ཆེན་སྐབས་ རྒྱལ་ཁབ་དང་ མི་སེར་ གཞུང་ལུ་ དད་དམ་གཙང་མའི་སྒོ་ལས་ ཁྱད་འཕགས་ཅན་སྦེ་ ཕྱག་ཞུ་མི་ཚུ་ལུ་ ངོས་འཛིན་གྱི་ གཟེངས་བསྟོད་རྟགས་མ་ཚུ་གནང་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་ཡང་ཡོད་པའི་ ལོ་རྒྱུས་གོཝ་ཨིན་པས།
འབྲུག་གི་རྒྱལ་ཡོངས་དུས་ཆེན་འདི་ འབྲུག་མི་ཚུ་གི་དོན་ལུ་ དུས་གསུུམ་བརྩི་སྲུང་གི་ དུས་སྐལ་ཅིག་ཨིན་མི་དེ་ཡང་ འབྲུག་རྒྱལ་ཁབ་འདི་ སྔོན་སྡེ་སྲིད་རིམ་བྱོན་ཚུ་གིས་ རྒྱལ་སྲིད་སྐྱོང་བཞག་འཐབ་སྟེ་ གནང་ཡོད་རུང་ སྡེ་སྲིད་རེ་རེ་བཞིན་དུ་གི་ ཕྱོགས་སོ་སོའི་ རྒྱབ་སྐྱོར་པ་ཚུ་གིས་ སྡེ་སྲིད་གཅིག་ལས་གཅིག་གིས་ དབང་ཚད་འཕྱོག་ནིའི་དོན་ལུ་ ནང་འཁྲུག་རྒྱུན་ཆད་མེད་པར་ བྱུངམ་འབྱུང་སར་སྡོདཔ་ལས་ མི་སེར་འུ་སྡུག་ཉག་ཕྲ་བའི་ སྐྱིད་སྡུག་ཕོག་སྟེ་སྡོདཔ་ད་ དེ་ཚུ་གཡེབ་ཚུགས་མི་ རྒྱལ་ཁབ་ཀྱི་ དཔའ་བོ་ཅིག་ཐོན་ནུག།
དེ་ཡང་ སྤྱི་ལོ་༡༩༠༧ ཟླཝ་༡༢ པའི་ཚེས་༡༧ ལུ་ དགེ་འདུན་གྲྭ་ཚང་གི་མཁན་སློབ་ འདུས་ཚོགས་སྤྱི་དང་ གཞུང་ལྷན་རྒྱས་དང་ སྤྱི་བླ་ རྫོང་དཔོན་ཚུ་དང་ འབངས་མི་སེར་ག་ར་གཅིག་ཁར་བསྡོམས་ཏེ་ མགྲིན་དབྱངས་གཅིག་གྱུར་གྱི་ཐོག་ལས་ ཀྲོང་གསར་དཔོན་སློབ་ གོང་ས་ཨྱོན་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་ རྒྱལཔོ་དང་པ་ གསེར་ཁྲིར་མངའ་གསོལ་ཞུ་ཞིནམ་ལས་ཚུར་ རྒྱལ་ཁབ་ནང་ བདེ་སྐྱིད་དང་ ཞི་བདེ་ དགའ་སྐྱིད་ཀྱི་ཉིམ་ཤར་ཏེ་ དེང་སང་འཛམ་གླིང་འཕྲུལ་རིག་གི་ ལམ་ཕྱོགས་ལུ་ ཞུགས་ཡོད་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།
 

No comments:

Post a Comment