གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེཔ་ཚུ་གིས་ བསྟན་པ་རྡོ་རྗེ་དེ་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་འབད་ཡོདཔ།

༢༤/༤/༢༠༡༣   ༉ ལྷུན་རྩེ་རྫོང་ཁག་གི་ རྒེད་འོག་༨ ཀྱི་མི་སེར་ཚུ་གིས་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ རྒྱ་རེད་རྒེད་འོག་ལས་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་ བཙག་འཐུ་འབད་ཡོདཔ་ད་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༥༨༡ དང་ འཕྲུལ་ཆས་ཚོགས་རྒྱན་༢,༦༡༢ འབདཝ་ད་ ཚོགས་རྒྱན་བསྡོམས་༣,༡༩༣ ཐོབ་ཡོདཔ་ཨིན་པས།
བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་མི་ བསྟན་པ་རྡོ་རྗེ།

རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ལོག་བཙག་འཐུ་གྲུབ་ཡོདཔ།

༢༤/༤/༢༠༡༣   ༉ དར་དཀར་ནང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ བསོད་ནམས་རྡོ་རྗེ་དེ་ ལོག་སྟེ་ར་ རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།

བསམ་རྩེའི་འདེམས་ངོ་གིས་ རེ་འདོད་དང་འཁྲིལ་ རྒྱལ་ཁ་ཐོབ་ཡོདཔ།

༢༤/༤/༢༠༡༣   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བཙག་འཐུ་འབད་མི་དང་འབྲེལ་ བསམ་རྩེ་རྫོང་ཁག་ལས་ བསྟན་འབྲུ་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༤༥ འབད་མི་ སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་བསྡོམས་༩,༩༠༧ ཐོབ་སྟེ་ བཙག་འཐུ་གྲུབ་ཅི།
ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཨྱོན་རྩེ་རྒེད་འོག་ལྟེ་བའི་སྒོ་ར་ལུ་ སྒུག་སྡོད་པའི་བསྒང་།

ཀ་ཀ་ཚེ་རིང་གིས་ ཚོགས་རྒྱན་༢༤༢༢ ཐོབ་སྟེ་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ།

༢༤/༤/༢༠༡༣  ༉ སྤ་རོ་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དོན་ལས་ དོ་འགྲན་འབད་མི་ འདེམས་ངོ་༥ ཡོད་ས་ལས་ ཝང་ལྕང་རྒེད་འོག་ལས་ སྐྱེས་ལོ་༤༩ ལང་མི་ ཀ་ཀ་ཚེ་རིང་གིས་ ཚོགས་རྒྱན་ཡོངས་བསྡོམས་༢༤༢༢ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
སྤ་རོ་ལུགས་གཉིས་རྒེད་འོག་ནང་ བཙག་འཐུའི་བརྡ་བྱང་གུ་སྦྱར་བཞག་མི་ འདེམས་ངོ་ཚུ་གི་པར་དང་ ཁས་བླངས་གསལ་བསྒྲགས་ཚུ་ སྤོག་བཏང་ཡོདཔ་ཨིན་མས།

གླང་ཐལ་རྒེད་འོག་གི་ འདེམས་ངོ་མཐར་ཕྱིན་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ།

༢༤/༤/༢༠༡༣   ༉ གླང་ཐལ་རྒེད་འོག་གི་འདེམས་ངོ་ མཐར་ཕྱིན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༢༢༡ དང་ འཕྲུལ་ཆས་ཚོགས་རྒྱན་༡,༨༦༢ འབདཝ་ད་ ཚོགས་རྒྱན་བསྡོམས་༢,༠༨༣ ཐོབ་ཡོདཔ་ལས་ ཀྲོང་གསར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཅི།
ཀྲོང་གསར་ རྣམ་རྒྱལ་ཆོས་གླིང་མི་སྡེ་སློབ་གྲྭ་ཆུང་བའི་ནང་ ཚོགས་རྒྱན་བཙུགས་པའི་བསྒང་།

མགར་ས་རྫོང་ཁག་གི་ ཚོགས་སྡེའི་འདེམས་ངོ་ རང་འཇགས་བཙག་འཐུ་གྲུབ་ཡོདཔ།

༢༤/༤/༢༠༡༣   ༉ མགར་ས་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་དེ་ ཚོགས་སྡེའི་འཐུས་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་ བཙག་འཐུ་ གྲུབ་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་ ཡོངས་བསྡོམས་༡,༨༤༠ བཙུགས་མི་ལས་ ཚོགས་རྒྱན་༦༠༣ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ ཁོ་ལུ་ དོ་འགྲན་འབད་མི་ ལ་ཡ་རྒེད་འོག་ལས་ བསྟན་འཛིན་གྱིས་ ཚོགས་རྒྱན་༤༠༧ དང་ ཁ་སྨད་རྒེད་འོག་ལས་ ཡེ་ཤེས་རྡོ་རྗེ་གིས་ ཚོགས་རྒྱན་༣༤༢ ལས་བརྒལ་ ཐོབ་མ་ཚུགས་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ རྒྱལ་ཁ་ཐོབ་མི་སངས་རྒྱས་མཁའ་འགྲོ་ལུ་ ལེགས་སོ་སླབ་པའི་བསྒང་།

རྩོམ་སྒྲིག་པའི་སྣང་འཆར།

༢༤/༤/༢༠༡༣   ཚོགས་སྡེའི་བཙག་འཐུ་ མཐར་འཁྱོལ་ཅན།
༉  ཁ་ཙ་ རྒྱལ་ཁབ་མཐའ་དབུས་མེད་པར་ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཚུ་ བར་ཆད་མ་འབྱུང་པར་ མཐར་འཁྱོལ་ཅན་གྱི་ཐོག་ལས་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ཚུགས་ནི་དེ་གིས་ ང་བཅས་ར་ འབྲུག་མི་ཚུ་ག་ར་ སེམས་དགའཝ་མ་ཚད་ རང་གིས་མནོ་མི་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་ བཙག་འཐུ་གྲུབ་ཡོད་པའི་ རེ་བ་ཡོད།

མོང་སྒརཔ་ཚུ་གིས་ ན་གཞོན་གདམ་ཁ་རྐྱབ་ཡོདཔ།

༢༤/༤/༢༠༡༣   ང་ རྒྱལ་ཁ་འཐོབ་འོང་ཟེར་ མནོ་ར་མ་མནོ་ཟེར་ མོང་སྒར་རྫོང་ཁག་ལས་ རྒྱལ་ཡོངས་ཚོེགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་མི་གིས་ སླབ་ཨིན་པས།
༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ཁར་ མོང་སྒར་རྫོང་ཁག་གི་ ངོས་ལེན་འགོ་དཔོན་གྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་གསུམ་ལས་ གཞོན་ཤོས་ཅིག་ཨིན་མི་ སྔ་ཚང་རྒེད་འོག་ལས་ སྐྱེས་ལོ་༢༦ ལང་མི་དེ་ རྨི་ལམ་ཨིན་ན་ དངོས་སུ་ཨིན་ན་མ་ཤེས་པའི་ གནས་སྟངས་ཅིག་ལུ་ གྱུར་བ་གིས་ མ་ཚད་པར་ མི་ཚུ་ཡང་ ཧ་ལས་དགོཔ་བྱུང་ནུག།
ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་ཡིག་གུ་ ལག་རྗེས་རྐྱབ་པའི་བསྒང་།

མཐའ་ཟུར་གྱི་གཡུས་མི་༡༨ ལུ་ ཉིན་འཐུས་སྤྲོད་ཐོག་ལས་ ཚོགས་རྒྱན་བཙུགས་བཅུག་ནི།

༢༣/༤/༢༠༡༣   ༉ གཞུང་གིས་ མགར་ས་རྫོང་ཁག་གི་ མཐའ་ཟུར་གཡུས་ཚན་ གཡིབ་སུ་ནང་གི་ མི་སེར་ཚུ་ལུ་ ད་རིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་བཅུག་ནིའི་དོན་ལས་ མི་རེ་ལུ་ ཉིན་འཐུས་དངུལ་ཀྲམ་༥༠༠ རེ་ བྱིན་ནི་ཨིན་རུང་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་པར་ མི་འགྱོ་ནི་ཨིན་པས།
ཉིན་འཐུས་སྤྲོད་དེ་ ཚོགས་རྒྱན་བཙུགས་བཅུག་ནི་ཨིན་མི་ མཐའ་ཟུར་གཡུས་ཚན་ གཡིབ་སུ་ནང་གི་ མི་སེར་ཚུ།

ལུང་ནག་ནང་གི་བཙག་འཐུ་ ཕར་འགྱངས་འབད་སྲིད་ནི།

༢༣/༤/༢༠༡༣   ༉ གལ་སྲིད་ ད་རིས་དྲོ་པ་ ལུང་ནག་ནང་ལུ་ གནམ་གྲུ་འཕུར་འགྲུལ་འབད་མ་ཚུགས་པ་ཅིན་ རྒེད་འོག་དེ་ནང་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དེ་ ཕར་འགྱངས་འབད་དགོ་ནི་ཨིན་པས།
དེ་ཡང་ ད་ཚུན་གྱི་བར་ན་ མགར་ས་ལུ་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེདཔ་ལས་བརྟེན་ གནམ་གྲུ་འཕུར་འགྲུལ་འབད་མ་ཚུགསཔ་ལས་ བཙག་འཐུ་འགོ་དཔོན་ཚུ་དང་ ཚོགས་རྒྱན་འཕྲུལ་ཆས་ཚུ་ སྐྱེལ་འདྲེན་འབད་མ་ཚུགསཔ་ཨིན་པས།

ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་པའི་ ལུང་ནག་ནང་གི་ མི་སེར་ཚུ།

གནས་ཚུལ་མདོར་བསྡུས།

༢༣/༤/༢༠༡༣
ཁ་ཙ་ འབྲུག་ལུ་བསྐོ་བཞག་འབད་མི་ (གཡོན་ཁ་ཐུག་ལས)ནོར་ཝེ་དང་ ནི་དར་ལེནསི་ སུ་ཝི་ཌེན་ དེ་ལས་ སི་པེན་གྱི་ གཞུང་ཚབ་གསརཔ་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་མདུན་ལུ་ ཁོང་རའི་ ངོ་སྤྲོད་ཡིག་ཆ་ཚུ་ ཕུལ་བའི་ཤུལ་ལས་ ཐིམ་ཕུ་རྒྱལ་ཡོངས་ཚོགས་ཁང་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་གཅིག་ཁར་ མཇལ་ཕྲད་གནང་པའི་བསྒང་།

ཨར་རྐུན་འབད་མི་ན་གཞོན་༢ ལུ་ ཉེས་ཁྲིམས་ཟླཝ་༡ ལས་ ལོ་༡ ཚུན་བཀལ་ཡོདཔ།

༢༣/༤/༢༠༡༣   ༉ སྐྱེས་ལོ་༡༦ ལང་མི་ ན་གཞོན་སློབ་ཕྲུག་བུཚ་ཅིག་དང་ སྐྱེས་ལོ་༡༢ ལང་མི་ སློབ་ཕྲུག་བུམོ་༢ ཀྱིས་ སྤྱི་ཟླ་༡ པའི་ཚེས་༢༦ ལུ་ སྤ་རོ་ ཤར་རི་རྒེད་འོག་ དམ་སྦྱིས་གཡུས་ཚན་ནང་ སངས་རྒྱས་དབང་མོའི་ ཁྱིམ་ནང་ལས་ ཨར་རྐུན་དང་ འཕྲོག་བཅོམ་ དེ་ལས་ རྒྱུད་བསྐུལ་འབད་མི་ལུ་བརྟེན་ ཉེས་ཁྲིམས་ཟླཝ་༡ ལས་ལོ་༡ ཚུན་ བཀལ་ཡོདཔ་ཨིན་པས། 

འབྲུག་གི་དངུལ་ཁང་གིས་ རྒྱལ་རྟགས་གསོལ་རས་ཐོབ་ཡོདཔ།

༢༣/༤/༢༠༡༣  ༉ མཐུན་ལམ་ལས་སྡེ་གིས་ ལས་ཁུངས་ཁག་གི་བར་ནའི་ ཕུཊ་བཱོལ་རྩེད་འགྲན་འགོ་འདྲེན་འཐབ་མི་ལས་ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ འབྲུག་གི་དངུལ་ཁང་གིས་ མཐའ་བཅད་རྩེད་འགྲན་ནང་ གསོ་བའི་ལྷན་ཁག་ཕམ་བཏང་སྟེ་ རྒྱལ་ཁ་ཐོབ་ཅི།
རྒྱལ་རྟགས་གསོལ་རས་ལེན་མི་ འབྲུག་གི་དངུལ་ཁང་སྡེ་ཚན།

སྤ་རོ་ལུ་ འགྲེམ་ཐོག་ཚོགས་རྒྱན་༡༤༦ ཆ་མེད་བཏང་ཡོདཔ།

༢༣/༤/༢༠༡༣   ༉ ཁ་ཙ་ སྤ་རོ་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ སྤྱི་ཟླ་༤ པའི་ཚེས་༢༢ ཚུན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་༨༡༦ ལྷོད་མིའི་གྲས་ལས་༡༤༦ ཆ་མེད་བཏང་ཡོདཔ་ཨིན་པས།
ཁ་ཙ་ བཙག་འཐུ་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ལི་ཕ་ ཀ་པ་དེ་ ཁ་ཕྱེས་ཡོདཔ་ད་ ལི་ཕ་ཀ་པའི་ནང་ ངོ་སྤྲོད་གསལ་སྟོན་ལག་ཁྱེར་ཚུ་ ཡོདཔ་ཨིན་པས།


རྩི་རང་རྫོང་ཁག་གིས་ བཙག་འཐུའི་དོན་ལུ་གྲ་སྒྲིག།

༢༣/༤/༢༠༡༣   ༉ རྩི་རང་རྫོང་ཁག་གི་ རྒེད་འོག་༡༢ ནང་ ཚོགས་རྒྱན་ས་ཁོངས་༤༢ ཡོད་མི་ཚུ་ ཆ་མཉམ་ནང་ ཁ་ཙ་ལས་ ཚོགས་རྒྱན་འགོ་དཔོན་ཚུ་ ལྷོད་ཡོདཔ་བཞིན་དུ་ ད་རིས་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ གྲ་སྒྲིག་ཡོདཔ་ཨིན་པས།

སོ་ནམ་ཞིང་ལམ་རྒྱ་བསྐྱེད་འབད་རུང་ ལ་བཤལ་གྱི་ ཕྱོགས་ལམ་མར་བབས།

༢༣/༤/༢༠༡༣   ༉ རྒྱལ་ཁབ་ཀྱི་ ལ་བཤལ་གྱི་ ས་ཁོངས་མང་ཤོས་ཅིག་ སོ་ནམ་ཞིང་ལམ་བཏོན་མི་ལུ་བརྟེན་ མེདཔ་བཏང་ཡོདཔ་ལས་ ལ་བཤལ་ལུ་འོང་མིའི་ ལྟ་བཤལཔ་ཚུ་མར་བབས་འགྱོ་དོ་ཡོདཔ་ཨིན་པས།
ལྟ་བཤལ་ལས་སྡེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་ཞིང་ལམ་ ཡར་སེང་འགྱོ་མི་གིས་ ལ་བཤལ་གྱི་ དུས་ཡུན་ཉུང་སུ་འགྱོཝ་མ་ཚད་ སོ་ནམ་ཞིང་ལམ་བདའ་སྟེ་ རྐང་སྟོང་སྦེ་འགྱོ་ནི་དེ་ ལྟ་བཤལཔ་ཚུ་ལུ་ སེམས་མ་དགའ་བའི་གཞི་གནས་ཅིག་ཨིན་པས།


ཀེ་བའི་ཐོན་སྐྱེད་ལེགས་ཤོམ་ཡོད་རུང་ འཁོར་ལམ་མེད་པའི་དཀའ་ངལ།

༢༣/༤/༢༠༡༣   ༉ ཤར་ཕྱོགས་རྫོང་ཁག་ཚུ་ནང་ དུས་ཚོད་འ་ནེམ་གཅིག་ཁར་ ཞིང་ཚུ་ནང་ དངུལ་ཐོག་ཚོད་བསྲེ་ཀེ་བ་ཚུ་ ཧོ་ལྡེམ་ལྡེམ་སྦེ་ མཐོང་གསལ་ཡོད་པའི་ཁར་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་རྒེད་འོག་ གཞམ་གླིང་གཡུས་ཚན་གྱི་ མི་སེར་ཚུ་གིས་འབད་རུང་ ཀེ་བའི་ལཱ་ལུ་ ཤུགས་བཏོན་ཡོད་པའི་ ལཱ་གི་གྲུབ་འབྲས་དེ་ ཞིང་ཁ་ལུ་ལྟ་བ་ཅིན་ ཤེས་ཚུགས་དོ་ཡོདཔ་ཨིན་པས།
གཞམ་གླིང་གཡུས་ཚན་ནང་ ཀེ་བ་ལེགས་པའི་མཐོང་སྣང་།