བཀྲིས་ཕུན་ཚོགས།
༉
ནང་སྲིད་དང་སྲོལ་འཛིན་ལྷན་ཁག་འོག་གི་
ལམ་སྲོལ་ལས་ཁུངས་ཀྱི་
སྒྲིགས་ལམ་སྡེ་ཚན་གྱིས་
རྒྱལ་ཁབ་ཀྱི་ སྲིད་བྱུས་དང་
ཡར་རྒྱས་ཀྱི་གནས་ཚད་དང་བསྟུན་
མ་འོངས་རྒྱལ་ཁབ་ཀྱི་དོན་ལུ་
བྱིན་རླབས་ཅན་གྱི་ལམ་སྲོལ་ཚུ་
འཛིན་སྐྱོང་སྤེལ་ནི་ལུ་དམིགས་ཏེ་
འཆར་གཞི་༡༡ པའི་ནང་
རྫོང་ཁག་རེ་རེའི་ནང་
སྒྲིགས་ལམ་རྣམ་གཞག་ཚུ་
ཡར་དྲག་གཏང་ནིའི་དོན་ལུ་
གཞུང་གིས་ འཆར་དངུལ་ཡང་
བཞག་ནི་ཨིན་པས།
དེ་ཚུ་གི་གྲས་ལས་ དཔལ་ལྡན་འབྲུག་པའི་ལུགས་ལས་ བཟང་པོའི་བྱ་བ་ཆེ་ཆུང་ ག་ཅི་བཟུམ་ཅིག་བརྩམ་རུང་ དང་པ་ ལེགས་བྱས་ཀྱི་ མཛད་སྒོ་འབྱེད་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ བཞུགས་གྲལ་ཕུན་སུམ་ཚོགས་པ་ འབད་དགོཔ་ཨིན་པས།
བཞུགས་གྲལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དེ་
རྒྱལ་ཡོངས་དུས་ཆེན་དང་
དུས་སྟོན་གཞན་ ཁྲི་མངའ་གསོལ་
གོ་གནས་གསར་བསྐོས་
གྲྭ་ཚང་གི་གསོལ་ཐབ་
རྒྱལ་ཡོངས་ཚོགས་འདུའི་
འགོ་བཙུགས་རྟེན་འབྲེལ་
ལོ་གསར་ གཉེན་སྟོན་ དེ་ལས་
སྐྱེས་སྟོན་ཚུ་གི་སྐབས་ལུ་
འབད་དགོཔ་ཨིན་པས།
ལམ་སྲོལ་ལས་ཁུངས་ལས་
སྒྲིགས་སློབ་ཚེ་རིང་དཔལ་འབྱོར་གྱིས་
སླབ་མི་དང་འཁྲིལཝ་ད་
བཞུགས་གྲལ་ཕུན་སུམ་ཚོགས་པའི་
རྟེན་འབྲེལ་དེ་ གོ་རིམ་འབད་
བརྩི་སྲུང་འབད་བའི་སྐབས་
ཆེ་མཐོའི་འགོ་དཔོན་དང་
གཞན་དབུ་ཁྲིདཔ་ལ་ལུ་ཅིག་གིས་
རྟེན་འབྲེལ་གྱི་རྫས་ཚུ་
ལེན་མ་བཏུབ་པའི་སྐབས་
རྟེན་འབྲེལ་དེ་ ཆུངམ་མས་ཟེར་ཨིན་པས།
རྒྱལ་ཁབ་ནང་
ཆེ་མཐོའི་འགོ་དཔོན་དང་
དབུ་ཁྲིདཔ་གཞན་ཚུ་གིས་
བཞུགས་གྲལ་རྟེན་འབྲེལ་དེ་
བརྩི་སྲུང་འབདཝ་ཤེས་ཏེ་འབད་རུང་
དེ་གི་ཁུངས་དང་ དགོས་པ་
འབྱུང་ཁུངས་ དེ་ལས་
རྟེན་འབྲེལ་བརྩི་དགོ་པའི་དམིགས་ཡུལ་དེ་
བརྒྱ་ཆ་ལས་༨༠ གིས་
མི་ཤེས་པས་ཟེར་ཨིན་པས།
དེ་བཟུམ་སྦེ་
རྫོང་ཁག་༢༠ ནང་འབད་བ་ཅིན་
བཞུགས་གྲལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དེ་
བརྩི་བའི་སྐབས་
གོ་རིམ་དཀྲུགས་ཏེ་འབད་མི་ཡང་ཡོདཔ་ལས་
སྒྲིགས་ལམ་སྡེ་ཚན་ལས་ ཧེ་མའི་
ལམ་ལུགས་སྲོལ་ཚུ་ དེང་སང་གི་
གནས་སྟངས་དང་འཁྲིལ་ཏེ་
ལེགས་བཅོས་འབད་དེ་ཡོདཔ་མ་ཚད་
སྲོལ་འཛིན་འགོ་དཔོན་ཚུ་ལུ་
ཤེས་ཡོན་དང་ སྦྱོང་བརྡར་ཚུ་ཡང་
བྱིན་ཡི་ཟེར་ཨིན་པས།
བཞུགས་གྲལ་ཟེར་མི་དེ་
གཙོ་བོ་ར་ མཛད་སྒོ་ག་ཅིའི་དོན་ལུ་
བརྩིཝ་ཨིན་རུང་ རྟེན་འབྲེལ་ངོ་མ་དེ་གིས་
འགོ་བཙུགསཔ་ཨིནམ་ལས་
བཞུགས་གྲལ་གྱི་རྫས་ཚུ་
དྲང་བཞག་རྐྱབ་ད་
བདེ་གཤེགས་སྤྱི་མཆོད་པ་ལས་
འགོ་བཟུང་སྟེ་ དཔལ་ལྡན་འབྲུག་པ་
ཞབས་དྲུང་གི་
འཁྲུངས་རབས་ཕུན་སུམ་ཚོགས་པའི་གསོལ་འདེབས་ལས་
མཇུག་བཀྲིས་སྨོན་ཚིག་ཚུན་ཡོདཔ་ཨིན་པས།
དེ་སྦེ་
འབད་དགོ་པའི་དམིགས་ཡུལ་དེ་ཡང་
ལཱ་དང་བྱ་བ་ག་ཅི་རང་ཨིན་རུང་
ཕུན་སུམ་ཚོགས་ནིའི་དོན་ལུ་
སྐྱབས་མགོན་དམ་པ་
ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་
བྱིན་རླབས་འཇུག་ནིའི་དོན་ལུ་ཨིན་པས།
བཞུགས་གྲལ་གྱི་
གོ་རིམ་དེ་ཡང་ གྲོ་མ་ དྲི་བཟང་
གསོལ་ཇ་ བཞེས་རྩམ་ མར་ཆང་
ཐུགས་སྨོན་དར་ཤིང་ ཕྱག་འགྱེདཔ་
དོག་མ་པ་ནེ་ དེ་ལས་
ཤིང་འབྲས་ཀྱི་རིགས་ཚུ་
དྲང་དགོཔ་མ་ཚད་ ཁྲི་མངའ་གསོལ་དང་
གོ་གནས་གསར་བསྐོས་
ཚོགས་འཛོམས་འགོ་བཙུག་ནི་
རབ་གནས་ལ་སོགས་པའི་རྟེན་འབྲེལ་ལུ་
ཤིང་འབྲས་དང་པ་ ངང་ལ་ལས་
འགོ་བཙུག་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་
ལོ་གསར་ལུ་ ཤིང་འབྲས་ཧུམ་པ་
གཉེན་གྱི་སྐབས་ ཚལ་ལུ་ལས་འགོ་བཙུགས་ཏེ་
དྲང་དགོཔ་ཨིན་ཟེར་ འགོ་དཔོན་ཚུ་གིས་
བཤདཔ་ཨིན་པས།
མི་སེར་ལ་ལུ་ཅིག་གིས་
སླབ་མི་དང་འཁྲིལཝ་ད་
བཞུགས་གྲལ་གྱི་རྟེན་འབྲེལ་
བརྩི་དགོ་པའི་ཁུངས་དང་དགོས་པ་
དེ་ལས་ རྫས་ཚུ་གི་གྲས་ལས་
འགོ་ཐོག་ར་ གྲོ་མ་ལས་
འགོ་བཟུང་སྟེ་ དྲང་དགོ་པའི་རྒྱུ་མཚན་ཡང་
མི་ཤེས་ཟེར་ཨིན་པས།
མི་ལ་ལུ་ཅིག་གིས་འབད་བ་ཅིན་
བཞུགས་གྲལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དེ་
རྒྱལ་ས་ལྟེ་བ་ ཐིམ་ཕུ་རྐྱངམ་གཅིག་ནང་
འབད་དོ་བཟུམ་ཅིག་
མཐོང་ཡི་ཟེར་ཨིནམ་མ་ཚད་
ལ་ལུ་ཅིག་གིས་ འབྲུག་མི་
རེ་རེ་བཞིན་གྱིས་ ཤེས་དགོཔ་དེ་
གལ་ཆེ་ཤོས་ཅིག་ཨིན་མས་ཟེར་
བཤདཔ་ཨིན་པས།
སྒྲིགས་སློབ་ཚེ་རིང་དཔལ་འབྱོར་གྱིས་
སྒྲིག་ལམ་རྣམ་གཞག་གི་སྐོར་ལས་
ཆེ་མཐོའི་འགོ་དཔོན་དང་
ལྷན་ཁག་ ལས་ཁུངས་ ལས་སྡེ་
ལས་འཛིན་ དེ་ལས་ སྒེར་སྡེའི་འགོ་དཔོན་དང་
མི་མང་ལུ་ སྒྲིགས་ལམ་གྱི་
སློབ་སྦྱོང་དང་ ལས་རིམ་གཞན་ཚུ་
འགོ་འདྲེན་འཐབ་ཐོག་ལས་
གོ་བ་བརྡ་སྤྲོད་འབད་ཡི་ཟེར་ཨིནམ་ད་
འཆར་གཞི་བཅུ་པའི་ནང་
སྲོལ་འཛིན་འགོ་དཔོན་ཚུ་གིས་
རང་སོའི་རྫོང་ཁག་ནང་
ལས་རིམ་འགོ་འདྲེན་འཐབ་ནི་ལུ་
མ་དངུལ་མེདཔ་ལས་ འབད་མ་ཚུགས་ཟེར་ཨིན་པས།
ཨིན་རུང་
འཆར་གཞི་༡༡ པའི་ནང་
རྫོང་ཁག་སོ་སོའི་ནང་ ལམ་སྲོལ་དེ་
འཛིན་སྐྱོང་སྤེལ་ནིའི་དོན་ལུ་
མ་དངུལ་འཐོབ་པ་ཅིན་
རང་སོའི་རྒེད་འོག་གི་
མི་མང་ཡོངས་ལུ་ གོ་བ་བརྡ་སྤྲོད་དང་
ལས་རིམ་ཚུ་ འགོ་འདྲེན་འཐབ་ཚུ་ནི་ཨིནམ་ལས་
ལྷན་ཐབས་ཡོད་ཟེར་ཨིན་པས།
ལྷག་པར་དུ་
རྒྱལ་ཡོངས་གྱོན་ཆས་ བཀབ་ནེ་དང་
རག་ཅུང་ དཔའ་རྟགས་ ལྷམ་
བཟའ་བཅའ་འགྲོ་གསུམ་
ཕྱག་དབང་བཅར་ཐངས་
བསུ་བ་གསེར་སྦྲེང་དང་ཆིབས་གྲལ་
དེ་ལས་ བསྔོ་བ་ཞུ་ཐངས་
སྒྲིག་ལམ་ཚུ་གི་ ཁུངས་དང་དགོས་པ་
འབྱུང་རབས་ ལག་ལེན་དངོས་བསྟར་
འབད་ཚུགསཔ་བཟོ་ནིའི་
འགན་ཁུར་སྦོམ་འབད་ར་
འབྲུག་མི་ཡོངས་ལུ་ ཕོག་སྟེ་ཡོད་ཟེར་
བཤདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment