བསམ་གཏན་ཡེ་ཤེས།
༉ གཞུང་གིས་ རྒྱ་གར་གི་རུ་པི་འཛིན་སྐྱོང་གི་དོན་ལུ་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་གདམ་ཁ་རྐྱབ་སྟེ་ བྱིན་ནི་དང་ ཉེར་མཁོ་མེད་པའི་ཅ་ཆས་ཀྱི་རིགས་ཚུ་ནང་འདྲེན་ལུ་ ཁྲལ་ཡར་སེང་རྐྱབ་ནི་དེ་ གཙོ་རིམ་ཅན་གྱི་ཐབས་ལམ་ཅིག་སྦེ་ལག་ལེན་འཐབ་ནི་ཨིན་པས།
བློན་པོ་ཡེ་ཤེས་སྦྱིན་པ་མཆོག་གིས་གསུངས་མིའི་ནང་ རྒྱལ་གཞུང་དངུལ་ལས་དང་འཛིན་གྱིས་ སྣུམ་འཁོར་སྐྱིན་འགྲུལ་གྱི་སྐྱེད་ ཡར་སེང་རྐྱབ་དགོཔ་ཡོད་པའི་ཁར་ གཞུང་གིས་ སྣུམ་འཁོར་ནང་འདྲེན་འབད་མི་ཚུ་ལུ་ ཁྲལ་ཡར་སེང་རྐྱབ་ཐོག་ལས་ ཐབས་ལམ་ཚུ་སྟོན་ནི་ཟེར་ཨིན་པས།
དེ་མ་ཚད་ ཚོང་འབྲེལ་ལམ་ལུགས་ཚུ་བསྐྱར་ཞིབ་འབད་དེ་ ཅ་ཆས་དང་ ཞབས་ཏོག་གི་ལས་དོན་ཚུ་ལེགས་ཤོམ་བཟོ་དགོཔ་ཡོད་མི་དེ་ཡང་ ད་ལྟོའི་གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ ཚོང་འབྲེལ་གྱི་ལམ་ལུགས་དང་ འབྲེལ་བའི་གནས་སྟངས་ཚུ་ ཚུལ་ལྡན་ཐོག་ལུ་མིན་འདུག་ཟེར་ཨིན་པས།
ཚོང་འབྲེལ་ལས་སྡེ་༣ དེ་ཅིག་གིས་ སྦུང་ཚོང་ཐོག་ལས་ ཟ་ཆས་ཚུ་བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་རུང་ དེ་ཚུ་གིས་ རྫོང་ཁག་ལྟེ་བ་ཚུན་ལུ་བཀྲམ་སྤེལ་འབདཝ་མ་གཏོགས་ ས་གནས་མཐའ་ཟུར་ཚུ་ནང་ལྷོད་མ་ཚུགསཔ་ལས་ འབྲུག་མི་ཚོང་པ་མང་ཤོས་ཅིག་གིས་ ཚོང་ཆས་ཚུ་ ས་མཚམས་ཁའི་ རྒྱ་གར་ཚོང་ཁང་ཚུ་ནང་ལས་ ཉོ་ནི་ལུ་དང་འདོད་སྐྱེདཔ་ཨིན་པས།
དེ་བཟུམ་སྦེ་ག་ལྷོད་མེན་པར་ ཚོང་ཆས་ཚུ་ ལམ་ལུགས་གཅིག་མཚུངས་ཐོག་ལས་ ལེགས་བསྒྱུར་འབད་ཚུགས་པ་ཅིན་ རྒྱ་གར་ལས་ ལོ་བསྟར་ཅ་ཁྲལ་ཐོབ་ནི་ཡོད་མི་དེ་ ཡར་སེང་འབད་ཚུགས་ཟེར་ བློན་པོ་ཡེ་ཤེས་སྦྱིན་པ་གིས་གསུངསམ་ཨིན་པས།
ད་རུང་ བློན་པོ་གིས་ རྒྱ་གར་ལས་ ཆུང་རིམ་གོང་འཕེལ་ལས་འགུལ་ཚུ་ལུ་ མ་དངུལ་རྒྱབ་སྐྱོར་ཡོད་མི་ཚུ་ བདུན་ཕྲག་གཅིག་གི་ནང་འཁོད་ལུ་ ལྷོད་ཚུགས་ནི་ཨིནམ་ལས་ རུ་པི་གི་དཀའ་ངལ་དེ་ ཟླཝ་འདི་ནང་ར་ མར་ཕབ་འགྱོ་ཚུགས་པའི་འོས་འབབ་ཡོད་ཟེར་ཨིན་པའི་ཁར་ གཞུང་ལུ་རུ་པིའི་ མཁོ་གལ་ཐོནམ་ད་གི་ སྐྱིན་འགྲུལ་ཚད་གཞི་དེ་ཡང་ རུ་པི་དུང་ཕྱུར་༡༠ ལུ་ཡར་སེང་འབད་ནི་གི་དོན་ལུ་ འོས་འབབ་ཚུ་ བལྟ་ཞིབ་འབད་དོ་ཟེར་ཨིན་པས།
རྒྱ་གར་ལས་ རུ་པིའི་སྐྱིན་འགྲུལ་ཡར་སེང་འབད་བའི་ཁར་ གཞན་ལས་འགུལ་དང་འབྲེལ་བའི་ མ་དངུལ་རྒྱབ་སྐྱོར་ཚུ་ལྷོད་པའི་བསྒང་ལས་ རུ་པི་གི་མཁོ་གལ་ཡོད་མི་ཚུ་འགྲུབ་ཚུགས་ནི་ཨིནམ་ལས་ ད་ཚུན་བཀག་འཛིན་འབད་ཡོད་མི་ཚུ་ཡང་ ལོག་ལག་ལེན་འཐབ་ཚུགས་ཟེར་ཨིན་པས།
དངུལ་རྩིས་ལྷན་ཁག་གི་འགོ་དཔོན་ཚུ་གིས་སླབ་མིའི་ནང་ གཞུང་གིས་ རྒྱ་གར་ལས་རུ་པི་དུང་ཕྱུར་༦ དེ་ཅིག་ ལས་འགུལ་ཁག་གི་ མ་དངུལ་རྒྱབ་སྐྱོར་གྱི་དོན་ལུ་ ལྷོད་ནི་ཨིན་པའི་ཁར་ རྒྱ་གར་གཞུང་ལས་ རུ་པིའི་མཁོ་འདོད་ཐོནམ་ད་ ལེན་ནི་གི་དོན་ལུ་ རུ་པིའི་ཚད་གཞི་དུང་ཕྱུར་༦ འབད་མི་དེ་ དུང་ཕྱུར་༡༠ ལུ་ཡར་སེང་འབད་ཐོག་ལས་ རུ་པི་གི་གནས་སྟངས་ལེགས་བསྒྱུར་འབད་ཚུགས་ཟེར་ཨིན་པས།
འབྲུག་གཞུང་གིས་ རྒྱ་གར་གཞུང་ལས་ལེན་མི་ སྐྱིན་འགྲུལ་ལུ་སྐྱེད་བརྒྱ་ཆ་༡༠ བཏབ་དོ་ཡོདཔ་ད་ རྒྱ་གར་གྱི་ ཨེས་བི་ཨའི་དངུལ་ཁང་ལས་ལེན་མི་ལུ་ སྐྱེད་བརྒྱ་ཆ་༡༠ དང་ གལ་སྲིད་རྒྱ་གར་གཞུང་ལས་ རུ་པི་སྐྱིན་འགྲུལ་གྱི་ཚད་གཞི་ཡར་སེང་གཏང་ཚུགས་པ་ཅིན་ ཨེས་བི་ཨའི་ལས་ ལེན་སྲོལ་ཡོད་མི་ སྐྱིན་འགྲུལ་དེ་ མར་ཕབ་རྐྱབ་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
འབྲུག་གི་ཕྱི་དངུལ་གསོག་འཇོག་ནང་ཡོད་པའི་ ཕྱི་དངུལ་ ཌོ་ལར་ཚུ་བཙོང་ཐོག་ལས་ རུ་པི་མཁོ་སྒྲུབ་འབད་ནི་དེ་ གཞུང་གིས་ངོས་ལེན་མི་འབད་དོ་ཡོདཔ་ད་ དཔལ་འབྱོར་མཁས་མཆོག་ལ་ལུ་གིས་འབད་བ་ཅིན་ ཕྱི་རྒྱལ་གྱི་དངུལ་ཁང་ཚུ་ནང་ འབྲུག་གི་ཕྱི་དངུལ་གསོག་འཇོག་ཐོག་ སྐྱེད་བརྒྱ་ཆ་༡ དང་༢ རེ་ལེན་ཏེ་ བཞག་ཐོག་ལས་ རྒྱ་གར་ལས་ རུ་པི་ སྐྱེད་བརྒྱ་ཆ་༡༠ རེ་སྤྲོད་དེ་ལེན་མི་དེ་ འོས་ལྡན་ཅིག་མི་མཐོང་པས་ཟེར་ཨིན་པས།
གཞུང་གིས་ ཤུལ་མའི་ལོ་༥ འི་འཆར་གཞི་གི་ ཚད་གཞི་དེ་ཡང་ མར་ཕབ་རྐྱབ་ནི་གི་གྲོས་འཆར་ཡོདཔ་ད་ དེ་ཡང་ རིན་གནས་ཀྱི་གནས་སྟངས་ཡར་སེང་སོང་ཡོདཔ་ལས་ གོང་འཕེལ་གྱི་འཆར་གཞི་དེ་ རྒྱ་བསྐྱེད་སྦོམ་གཏང་ནི་གི་འཆར་གཞི་ཅིག་མེད་ཟེར་ བློན་པོ་གིས་གསུངསམ་ཨིན་པས།
ཨིན་རུང་ དུས་ཅི་ ཟླཝ་དག་པ་ཅིག་ནང་ལས་ གདུང་བསམ་རྩི་ས་ལས་འགུལ་གྱི་ ལཱ་འགོ་བཙུག་ཚུགས་ནི་ཨིནམ་ལས་ ལས་འགུལ་དེ་གིས་ རུ་པིའི་དཀའ་ངལ་སེལ་ཐབས་ལུ་ ལྷན་ཐབས་འབྱུང་ཚུགས་པའི་རེ་བ་བསྐྱེདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment