གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ཚེས་བཅུ་ ད་རིས་ མཇུག་བསྡུ་ནི།


གཏུམ་རྔམ་གྱི་སྐུ་འཆམ་གནང་པའི་བསྒང་།

སྤ་རོ་ལས་ བསྟན་འཛིན་རྣམ་རྒྱལ།

ཁ་ཙ་ སྤ་རོ་ཚེས་བཅུ་ ཉིནམ་༤ པའི་ནང་ འཆམ་ཚུ་གི་གྲས་ལས་ བྱིན་རླབས་ཆེ་ཤོས་ར་ རཀྴ་དམང་འཆམ་གྱིས་གཙོས་པའི་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལས་ ཕྱག་དབང་དང་ བྱིན་རླབས་ཞུ་ནིའི་དོན་ལུ་ བདེ་ཡངས་
ཁ་ལུ་ དྲོ་པའི་ཆུ་ཚོད་༧:༣༠ དེ་ཅིག་ཁར་ ལྟདམོ་ལྟ་མི་ཚུ་འཛོམས་ནི་ འགོ་བཙུགས་ཡི།
ཆུ་ཚོད་༩ དེ་ཅིག་ལུ་ རཀྴ་གླང་མགོའི་འཆམ་ཐོན་པའི་ཤུལ་ལུ་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ལས་ ཞི་ཁྲོའི་ལྷ་ཚོགས་ཀྱི་ འཆམ་དང་འབྲེལ་ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ མ་ཎི་བགྱངས་ཏེ་ འཆམ་ཁང་ནང་ལས་ ཐོན་པའི་སྐབས་ ལྟདམོ་ལྟ་མི་ཚུ་ ཆ་མཉམ་ར་ ཡར་ལོང་སྟེ་ ལག་ཐལ་མོ་སྦྱར་ཞིནམ་ལས་ སྨོན་ལམ་བཏབ་པའི་ མཐོང་སྣང་བྱུང་ཡི།
དེ་ལས་ ཆོས་ཀྱི་རྒྱལ་པོ་ བཞུགས་ཁྲི་གུ་བཞུགསཔ་ཅིག་ ཕྱག་དབང་ཞུ་ནི་ འགོ་བཙུགས་ཡོདཔ་ད་ དེའི་གྲས་ཁར་ ལྟ་བཤལཔ་ཚུ་ཡང་ཡོདཔ་ད་ སྤ་རོ་ལམ་གོང་ལས་ སྐྱེས་ལོ་༨༡ ལང་མི་ ཨང་རྒས་མགོནམ་མཚོ་མོ་གིས་ སླབ་མིའི་ནང་ ཆོས་ཀྱི་རྒྱལ་པོ་ལས་ ཕྱག་དབང་ཐོབ་པ་ཅིན་ ལོ་གཅིག་གི་ རྐྱེན་བར་ཆད་ཚུ་ བསལ་ཚུགས་པའི་ཁར་ ཕྱི་མ་ངན་སོང་ལས་ འགྲོལ་ཚུགས་པའི་གོ་སྐབས་ཡོདཔ་ལས་ མོ་ར་ རྩ་འགེངས་ཏེ་ ཚེས་བཅུ་མཇལ་བར་ འོང་ཡི་ཟེར་ཨིནམ་ད་ ད་རིས་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་ཐོན་པའི་སྐབས་ལུ་ཡང་ གུ་རུ་རིན་པོ་ཆེ་ལས་ བྱིན་རླབས་ཞུ་བར་ འོང་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཇར་མ་ནི་རྒྱལ་ཁབ་ལས་ཨིན་མི་ ཕོ་ནེསི་ཡང་ ཕྱག་དབང་ཞུ་མིའི་གྲས་ཁར་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ནང་པའི་ཆོས་ཀྱི་སྐོར་ལས་ ར་ཁུངས་ག་ནི་ཡང་མ་ཤེས་རུང་ མི་ཚུ་ག་འབད་མི་དེ་ འབད་བལྟ་ནི་མནོ་སྟེ་ ཆོས་ཀྱི་རྒྱལ་པོའི་སྐུ་མདུན་ལུ་ འོང་ཡི་ཟེར་ཨིནམ་ད་ མ་གཞི་ ཚེས་བཅུ་དེ་ འཁྲབ་རྩེད་བཟུམ་ཅིག་གི་ མནོ་བསམ་བཏང་རུང་ དེ་ནང་ འབྲུག་པའི་ཁྱད་ཆོས་དང་ ལམ་སྲོལ་ལེ་ཤ་ གསལ་སྟོན་འབདཝ་མས་ཟེར་ཨིན་པས།
དགེ་སློང་རྡོ་རྗེ་གིས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ བར་དོའི་འཆམ་དེ་གིས་ སྲིད་པ་བར་དོའི་ རྣམ་པ་བཏོནམ་ཨིན་ཟེར་ཨིནམ་ད་ དེ་ཡང་ མི་ཤི་བའི་སྐབས་ ཆོས་སྐུ་དང་ ལོངས་སྐུའི་ཞིང་ཁམས་ལུ་ སངས་རྒྱས་མ་ཚུགས་པ་ཅིན་ སྲིད་པའི་བར་དོ་ལུ་ལྷུང་སྟེ་ དགེ་སྡིག་ཤན་ཕྱེ་ཞིནམ་ལས་ སྡིག་པ་མང་པ་ཅིན་ ངན་སོང་ལུ་འཁྱམས་འོང་ཟེར་ཨིན་པས།
དེ་མ་ཚད་ ད་རིས་ བར་དོའི་སྐུ་འཆམ་གྱི་སྐབས་ལུ་ རབ་འབྱུང་པ་ཅིན་ ཞི་ཁྲོའི་ལྷ་ཚོགས་ངོ་མ་ཨིནམ་སྦེ་ དམིགས་པ་བསྐྱེད་དགོཔ་ཨིནམ་ད་ དེ་སྦེ་ འབད་མ་ཚུགས་རུང་ ཕྱི་མ་ དེ་བཟུམ་མའི་ ལམ་ལུ་འགྱོ་ནི་མས་ཟེར་མནོ་སྟེ་ སྡིག་པ་སྤང་ དགེ་བ་བླང་པ་ཅིན་ ཚེ་ཕྱི་མ་ཕན་ཐོགས་ཚུགས་ཟེར་ཨིན་པས།
ཁ་ཙའི་ ལས་རིམ་དེ་ དགྲ་མེད་རྩེ་རྔ་འཆམ་གྱིས་ མཇུག་བསྡུ་ཡོདཔ་ད་ ད་རེས་ ཚེས་བཅུའི་ཉིནམ་མཇུག་གི་སྐབས་ དྲོ་པའི་ཆུ་ཚོད་༤ དེ་ཅིག་ལས་ བདེ་ཡངས་ཁ་ལུ་ གུ་རུ་རིན་པོ་ཆེ་གི་ མཐོང་གྲོལ་ཆེན་མོ་ ཆིབས་གྲལ་བཙར་ཐོག་ལས་ ཞུ་སྟེ་མཇལ་ཁ་གནང་ནི་ཨིན་པས།
མཐོང་གྲོལ་དང་འབྲེལ་ ནང་རྟེན་རྩ་ཅན་ ཞབས་དྲུང་ཁམས་གསུམ་ཟིལ་གནོན་གྱི་སྐུ་འདྲ་དང་ དགོངས་འདུས་ཀྱི་གཏོར་མ་ཚུ་ཡང་ བདེ་ཡངས་ཁའི་ རྡོ་གཅལ་ནང་ཞུ་སྟེ་ ཚེས་བཅུ་མཇལ་མི་ཚུ་ལུ་ མཇལ་ཁ་གནང་ནི་ཨིན་པས།
དེ་གི་ཤུལ་ལས་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་གནངམ་དང་འབྲེལ་ གུ་རུ་རིན་པོ་ཆེ་ལས་ ཕྱག་དབང་ཞུ་སྟེ་ འགྲོལ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment