གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བགོ་བཤའི་ཚོང་འབྲེལ་ལེགས་བསྒྱུར་གྱི་དོན་ལུ་ ཡོངས་འབྲེལ་ཞབས་ཏོག་གོང་འཕེལ་གཏང་ནི།


བསམ་གཏན་ཡེ་ཤེས།

རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ རྒྱལ་གཞུང་འགན་ལེན་ཤོག་དངུལ་ཚོང་ལས་བཀོད་ཚོགས་ཀྱི ཡོངས་འབྲེལ་ཞབས་ཏོག་ ལམ་ལུགས་གོང་འཕེལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༦.༧ ཟད་འགྲོ་བཏང་ཡོདཔ་ཨིན་པས།

སྤྱི་ཟླ་༤ པའི་ཟླ་མཇུག་མཚམས་ཅིག་ལས་ ཞབས་ཏོག་ཚུ་ཧ་ལམ་སྒྲུབ་ཚར་ནི་ཨིནམ་ལས་ ཚོང་འབྲེལ་རིམ་ལུགས་ནང་ བགོ་བཤའ་ཉོ་བཙོང་གི་ གོང་ཚད་ཚུ་ མི་མང་སྤྱིར་བཏང་ཆ་མཉམ་གྱིས་ཤེས་རྟོགས་འབྱུང་ཚུགས་ནི་ཨིནམ་མ་ཚད་ བརྡ་དོན་ཡོངས་འབྲེལ་ཐོག་ལས་ གཅིག་སྒྲིལ་གྱི་ཚོང་འབྲེལ་མཐུད་སྦྲེལ་ལམ་ལུགས་༦ དེ་ཅིག་སྟབས་གཅིག་ཁར་འོང་ནི་ཨིན་པས།
ཚོང་འབྲེལ་བརྡ་དོན་ལམ་ལུགས་ཚུ་ གྲ་སྒྲིག་འགྱོ་བའི་བསྒང་ལས་ བགོ་བཤའ་ཉོ་བཙོང་གི་ཚོང་མགྲོན་པ་ཚུ་གིས་ གློག་རིག་ཡོངས་འབྲེལ་ནང་ལས་ བགོ་བཤའི་ཚོང་འབྲེལ་དང་འབྲེལ་བའི་ གནས་སྡུད་སྙན་ཞུ་ག་ར་འདི་ནང་ལས་ ཐོབ་ཚུགས་ཟེར་ཨིན་པས།
བཀོད་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་ཕུན་ཚོགས་ཀྱིས་བཤད་མི་དང་འཁྲིལཝ་ད་ ལམ་ལུགས་འདི་གི་ཐོག་ལས་ གློག་རིག་ཡོངས་འབྲེལ་ནང་བཙུགས་ཡོད་པའི་དུས་མཐུན་གྱི་ བགོ་བཤའི་ཚོང་འབྲེལ་གནས་སྟངས་ནང་ ལས་སྡེ་ཚུ་གིས་ བགོ་བཤའ་ཉོ་བཙོང་ག་དེམ་ཅིག་འཐབ་ཡོད་པའི་དབྱེ་བ་ཁ་གསལ་དང་ བཙོང་མི་དང་ ཉོ་འདོད་ཡོད་མི་ག་དེ་ཅིག་ཡོདཔ་ཨིན་ན་ག་ར་ འདི་ནང་ལས་ཤེས་རྟོགས་འབྱུང་ཚུགས་ཟེར་ཨིན་པས།
བརྡ་དོན་གནས་སྡུད་དེ་གིས་ བགོ་བཤའི་ཚོང་འབྲེལ་ནང་ ཉོ་བཙོང་འཐབ་མི་ཚུ་ལུ་ དུས་མཐུན་གྱི་ བརྡ་དོན་ཁ་གསལ་ཐོབ་ཚུགས་ནི་ཨིནམ་ལས་ ཉོ་བཙོང་འཐབ་དོན་ལུ་ སེམས་ཐག་བཅད་ཚུགས་པའི་ཕན་ཐོགས་འབྱུང་ནི་ཨིན་པས།
ལས་སྡེ་ག་ལུ་ མ་རྩ་བཙུགས་པ་ཅིན་ལེགས་ཤོམ་འོང་ནི་ཨིན་ན་ ཤེས་ཚུགསཔ་མ་ཚད་ བགོ་བཤའ་ ཉོ་བཙོང་འཐབ་མི་ཚུ་གིས་ དེ་འཕྲོ་ལས་ཡོངས་འབྲེལ་ཐོག་ལས་སྦེ་ རང་སོའི་གོང་ཚད་གསལ་བཀོད་ཀྱི་ མཁོ་མངགས་ཡང་འབད་ཚུགས་ཟེར་ ཨིན་པས།
བགོ་བཤའི་ཚོང་འབྲེལ་འཐབ་མི་ ཚོང་མགྲོན་པ་ཚུ་གིས་ གློག་རིག་ཡོངས་འབྲེལ་ཐོག་ལུ་ ཚོང་འབྲེལ་གྱི་གནས་སྟངས་ཚུ་དབྱེ་ཞིབ་འབད་དེ་ དུས་མཐུན་གྱི་བརྡ་དོན་ལུ་གཞིར་བཞག་ཐོག་ བགོ་བཤའ་ཉོ་བཙོང་གི་ཚོང་འབྲེལ་འཐབ་ཚུགས་ཟེར་ཨིན་པས།
ཡོངས་འབྲེལ་རིམ་ལུགས་དེ་ སྤྱི་ཟླ་༤ པའི་བདུན་ཕྲག་མཇུག་གི་ནང་ འགོ་འབྱེད་འབད་ནི་ཨིན་ཟེར་ བཀོད་ཁྱབ་མདོ་ཆེན་ རྡོ་རྗེ་ཕུན་ཚོགས་ཀྱིས་བཤདཔ་ཨིན་པས།
རིམ་ལུགས་ལེགས་བསྒྱུར་གོང་འཕེལ་གཏང་མི་ལུ་བརྟེན་ཏེ་ ཁྲོམ་སྡེ་ལྟེ་བ་ལས་ཐག་རིང་ལུ་སྡོད་མི་ རྫོང་ཁག་སོ་སོའི་ བགོ་བཤའི་ཚོང་མགྲོན་པ་ཚུ་ལུ་ ཁེ་ཕན་སྦོམ་ར་བྱུང་ཚུགས་ཟེར་ཨིནམ་ད་ ཚོང་མགྲོན་པ་ཚུ་ལས་དོན་ཚུ་གི་དོན་ལུ་ རྒྱལ་ས་ལྟེ་བ་ཚུན་འོང་མ་དགོ་པར་ ས་གནས་ནང་ལས་སྦེ་ཡོངས་འབྲེལ་ཐོག་ལུ་བརྗེ་སོར་འབད་ཚུགས་ཟེར་ཨིན་པས།
ཡོངས་འབྲེལ་རིམ་ལུགས་འདི་ལུ་བརྟེན་ཏེ་བགོ་བཤའ་ཉུང་སུ་འཆང་མི་ ཚོང་མགྲོན་པ་ཡར་སེང་འགྱོ་ནིའི་གོ་སྐབས་ཡོདཔ་ད་ བགོ་བཤའི་ཚོང་འབྲེལ་ནང་ མ་རྩ་བཙུགས་མི་ཡང་ ཡར་སེང་འགྱོ་ནི་ཨིནམ་ལས་  ཏི་རུའི་ལག་ལེན་གོང་འཕེལ་གཏང་ཐོག་ལས་ ཚོང་འབྲེལ་གནས་སྟངས་ནང་ དངུལ་རྐྱང་གི་དགོས་མཁོའི་རེ་འདོད་ཚུ་ གྲུབ་ཚུགས་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ མ་རྩ་བཙུགས་ས་ དངུལ་ཁང་ཚུ་ནང་ཨིནམ་བཞིན་དུ་ བགོ་བཤའི་ཚོང་འབྲེལ་དེ་ ཟུར་ཁ་ལུས་ཡོད་མི་ལུ་བརྟེན་ འདི་ཚུ་ལེགས་བསྒྱུར་འབད་དེ་ མི་མང་ལུ་ ཁེ་ཕན་ཅན་གྱི་ མ་རྩ་བཙུགས་སའི་ གོ་སྐབས་སྤྲོད་དགོཔ་འདུག་ཟེར་ཨིན་པས།
ཡོངས་འབྲེལ་རིམ་ལུགས་གསརཔ་གཞི་བཙུགས་འབད་ནི་ཨིན་མི་དེ་གིས་ བགོ་བཤའ་ཚོང་འབྲེལ་མ་འཐབ་པའི་ཧེ་མར་ གནས་རྩིས་ཚུ་སྟོན་ཐོག་ལས་ འོས་སྦྱོར་མེད་པའི་གནས་སྟངས་ལུ་མི་ཐུག་ནི་ཨིན་པའི་ཁར་ གལ་སྲིད་ཚུལ་མིན་ཐོག་ལས་ ཚོང་འབྲེལ་འཐབ་པ་ཅིན་ ལམ་ལུགས་དེ་གིས་ འབྲེལ་ཡོད་ལས་སྡེ་ལུ་ ཉེན་བརྡ་བྱིན་ནིའི་བརྡ་དོན་འཕྲུལ་རིག་ཚུ་ཡང་ཡོདཔ་ཨིན་པས།
འགན་ལེན་ཤོག་དངུལ་ཚོང་ལས་ཀྱི་ འགོ་དཔོན་ཚུ་གིས་སླབ་མིའི་ནང་ ད་ཚུན་བགོ་བཤའི་ཚོང་འབྲེལ་གནས་སྟངས་ནང་ གོང་འཕེལ་མ་འགྱོ་མི་དེ་ གཙོ་བོ་ར་ ཡོངས་འབྲེལ་ཞབས་ཏོག་ལེགས་ཤོམ་ཅིག་མེད་པ་ལུ་བརྟེན་ཏེ་ཨིན་ཟེར་ཨིནམ་ད་ ད་ལས་ཕར་ཞབས་ཏོག་ལམ་ལུགས་ གཞི་བཙུགས་འབད་ཞིནམ་ལས་ཚུར་ བགོ་བཤའི་ཚོང་འབྲེལ་གནས་སྟངས་ནང་ ལེགས་བསྒྱུར་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment