![]() |
འཆམ་དཔོན་ཕུར་པ་དང་ འཆམ་མཇུག་ཀཀ། |
བསྟན་འཛིན་རྣམ་རྒྱལ།
༉ སྤ་རོ་ཚེས་བཅུའི་སྐབས་ལུ་ འཆམ་རྐྱབ་མི་ཚུ་གི་གྲས་ཁར་ སྐྱེས་ལོ་༡༥ ལས་ འཆམ་རྐྱབ་མིའི་གྲངས་སུ་ བཅའ་མར་གཏོགས་མི་ ཀ་ཀ་དེ་ དུས་ཅི་འབདཝ་ད་ འཆམ་རྐྱབ་སྟེ་ ལོ་ངོ་༣༠ ལང་ཡོདཔ་ད་ ཁོ་གིས་ ད་རེས་ནངས་པ་ རྫོང་ཁག་གི་ འཆམ་མཇུག་སྦེ་ རྐྱབ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༤༥ ལང་མི་ ཀ་ཀ་གིས་ ལོ་༢ ཀྱི་རིང་ འཆམ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ གཞུང་མགྲོན་གཉེར་གྱིས་ འཆམ་རྐྱབ་ནིའི་ཡོན་ཏན་དང་ ལྕོགས་གྲུབ་ཡོད་རུང་ གཟུགས་ཐུང་ནི་དེ་གིས་ འཆམ་དཔོན་ལས་ དགོངས་ཞུ་འབད་དགོ་པའི་ བཀའ་གནང་བའི་ཤུལ་ལས་ ད་རེས་ འཆམ་མཇུག་སྦེ་ ཕྱག་ཞུ་དོ་ཟེར་ སླབ་ཨིན་པས།
![]() |
ཚེས་བཅུའི་སྐབས་ ཧེ་མ་བཟུམ་སྦེ་ བང་ཁྲ་ནང་ ལྟོ་འདེགས་འབག་མི་ དཀོན་དྲགས་ཨིན་མས། |
ཀ་ཀ་དེ་ གཟུགས་ཀྱི་རིང་ཚད་ ཕིཊ་༥ དེ་ཅིག་ལས་མེད་རུང་ འཆམ་རྐྱབ་པའི་སྐབས་ གཟུགས་ཀྱི་རྣམ་འགྱུར་དང་ ལེའུ་ཚུ་ ག་ནི་བ་ བདེ་ཏོག་ཏོ་འབད་ རྐྱབ་དོ་ཡོདཔ་མ་ཚད་ བོད་འཆམ་གྱི་རིགས་ ག་ཅི་ར་ཨིན་རུང་ ཚེར་སྣང་མེད་པར་ ལེགས་ཤོམ་འབད་ རྐྱབ་ཚུགས་དོ་ཡོདཔ་ཨིན་པས།
ཁོ་གི་འགན་ཁག་དེ་ དམངས་འཆམ་གྱི་སྐབས་ལུ་ འཆམ་མཇུག་སྦེ་རྐྱབ་དོ་ཡོདཔ་ད་ བོད་འཆམ་གྱི་རིགས་ལས་ དམངས་འཆམ་དེ་ གཏེར་སྟོན་པདྨ་གླིང་པའི་ པད་གླིང་གིང་༣ གྱི་ ནང་གསེས་ལས་ རྔ་གིང་དང་ གྲི་གིང་ རྒྱུག་གིང་ དགྲ་མེད་རྩེ་རྔ་འཆམ་ རྒྱན་དྲུག་ དེ་ལས་ རཀྴ་དམངས་འཆམ་ཚུ་ནང་ འཆམ་མཇུག་གི་ འགན་འབག་སྟེ་རྐྱབ་པའི་ཁར་ འཆམ་པ་གཞན་དང་ གསརཔ་འཛུལ་མི་ཚུ་ལུ་ འཆམ་ཡང་ སྟོན་དོ་ཟེར་ཨིན་པས།
སྤ་རོ་དོས་སྟེང་ལས་ཨིན་མི་ ཀ་ཀ་གིས་ འགོ་དང་པ་ སྤྱི་ལོ་༡༩༨༢ ལུ་ འཆམ་གྱི་གྲས་ཁར་ བཅའ་མར་གཏོགས་པའི་སྐབས་ རཀྴ་དམངས་འཆམ་ལྷབ་ཅི་ཟེར་ཨིནམ་ད་ འཆམ་ལུ་ཡོངས་བསྡོམས་ལེའུ་༡༣ ཡོད་ས་ལས་ ཉིནམ་རེ་ལུ་ ལེའུ་རེ་ སྦྱང་པའི་སྐབས་ ཡོངས་རྫོགས་སྦྱང་ནི་ལུ་ ཉིནམ་༡༣ འགོར་སོ་ཡི་ཟེར་ཨིནམ་ད་ ཁོ་གིས་ འཆམ་དེ་ རྒྱལ་གཞུང་འཆམ་དང་ཟློས་གར་གྱི་ འཆམ་པའི་སློབ་དཔོན་ དམ་ཆོས་དང་ ཧཱཔ་བཙན་སྐྱོགས་ དེ་ལས་ ཕུརཔ་ཚེ་རིང་༣ ལས་ ལྷབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ འཆམ་ག་ར་ལུ་སྤྲོ་བ་ཡོད་རུང་ དགའ་ཤོས་དེ་ དགྲ་མེད་རྩེ་རྔ་འཆམ་ཨིན་མི་དེ་ཡང་ འཆམ་དེ་གི་དོན་ལུ་ མཆོད་ཆ་དུང་དང་ རོལམོ་ དེ་ལས་ རྔ་ཚུ་ ཆ་ཚང་ལག་ལེན་འཐབ་པའི་སྐབས་ རང་བཞིན་གྱིས་ འཆམ་རྐྱབ་དགོ་མནོཝ་མས་ཟེར་ཨིནམ་ད་ འཆམ་དེ་གཞན་དང་ཕྱདཔ་ད་ ལཱ་ཁག་ཅིག་ཨིན་ཟེར་བཤད་པའི་ཁར་ ད་རེས་ སྐྱེས་ལོ་༤༥ ལང་རུང་ ལོ་དག་པ་ཅིག་ འཆམ་རྐྱབ་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤ་རོ་ དོསཔ་ཤར་རི་ལས་ཨིན་མི་ འཆམ་དཔོན་ཕུར་པ་གིས་ཡང་ འཆམ་རྐྱབ་སྟེ་ ལོ་ངོ་༢༨ ལང་པའི་ཤུལ་ལུ་ སྤ་རོ་རྫོག་ཁག་གི་ འཆམ་དཔོན་འབད་དེ་ ལོ་༨ སོང་ཡོདཔ་ད་ དེའི་ཧེ་མར་ ཁོ་གིས་ རྒྱལ་གཞུང་འཆམ་དང་ཟློས་གར་ནང་ འཆམ་པའི་གྲངས་སུ་ ལོ་ངོ་༢༠ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཁོ་གིས་འབད་རུང་ འཆམ་ནང་ལས་ དགའ་ཤོས་དེ་ དགྲ་མེད་རྩེ་རྔ་འཆམ་ཨིན་ཟེར་ཨིནམ་ད་ ཁོང་ འཆམ་དཔོན་གོང་འོག་༢ ཀྱིས་ ཉིནམ་རེ་ལུ་ འཆམ་ཉུང་ཤོས་༣ རེ་ རྐྱབ་དོ་ཡོདཔ་ད་ འཆམ་རྐྱབ་པའི་སྐབས་ སེམས་ཀྱིས་ ལྷ་ཚོགས་དང་དཔའ་བོ་ དེ་ལས་ རྣལ་འབྱོར་གྱི་ བསྐྱེད་རིམ་དང་ རྫོགས་རིམ་བསྐྱེད་མ་ཤེས་རུང་ བསམ་པ་བཟང་པོ་དང་ སྤྲོ་བའི་ཐོག་ལས་ རྐྱབ་དོ་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ འཆམ་རྐྱབ་ནི་ལུ་ མི་ཚུ་གིས་ སྤྲོ་བ་ལེན་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ སྤྲོ་བ་མི་བསྐྱེད་པས་ཟེར་ཨིནམ་ད་ གལ་སྲིད་ སྣང་མེདཔ་སྦེ་བཞག་པ་ཅིན་ ཤུལ་ལས་ གཡུས་ཁ་ལས་ འཆམ་རྐྱབ་མི་ མི་འཐོན་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
ཁོང་འཆམ་དཔོན་དང་ འཆམ་མཇུག་༢ ཀྱིས་འབད་བ་ཅིན་ ཁོང་ལུ་ འཆམ་གྱི་གྲས་ཁར་ གཏོགས་དགོ་པའི་སྐོར་ལས་ ག་གིས་ཡང་ རྒྱུད་བསྐུལ་མ་འབད་རུང་ རང་སོའི་ སྤྲོ་བའི་ཐོག་ལས་ ཁས་བླངས་འབད་དེ་ འཛུལ་ཡི་ཟེར་ཨིནམ་ད་ རབ་སྡེ་དང་ རྫོང་གཞིས་ཁག་ཚུ་ནང་ བོད་འཆམ་རྐྱབ་མི་ཚུ་ མི་གནགཔ་ཨིནམ་ལས་ ཚེས་བཅུ་མཇུག་བསྡུ་བའི་ཤུལ་ལས་ འཆམ་པ་ཚུ་ རང་སོའི་གཡུས་ཁར་ འགྱོ་དོ་ཡོདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment