ཉི་མ་དབང་འདུས།
༉ སྤྱི་ཟླ་༤ པའི་ཚེས་༢ ལུ་ སྤུ་ན་ཁ་ལུ་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་ རེས་གཟའ་ཕུར་བུ་ལུ་ བསད་ཚུགས་ཡོདཔ་ཨིན་རུང་ ཁ་ཙ་དྲོ་པ་ ལོག་མེ་འབར་མི་དེ་ གཡུས་མི་ཚུ་གིས་ དོན་ཅན་སྦེ་ར་ སྤར་ཡོད་པའི་ དོགས་པ་ཡོད་ཟེར་ རྫོང་ཁག་ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཁོང་གིས་སླབ་མིའི་ནང་ མ་གཞི་ ས་གནས་ནང་ མེ་ལེགས་ཤོམ་འབད་ར་ བསད་ཚུགས་མི་ལུ་བརྟེན་ ལོག་འབར་དགོཔ་ཅིག་མེད་རུང་ ཁ་ཙ་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ལུ་ ལོག་མེ་འབར་ཡོད་པའི་ སྙན་ཞུ་ལྷོད་མི་དང་འཁྲིལ་ཏེ་ ཉིན་མའི་ཆུ་ཚོད་༢:༣༠ དེ་ཅིག་ཁར་ བསད་ཚུགས་ཅི་ཟེར་ཨིན་པས།
རྫོང་ཁག་ནགས་ཚལ་འགོ་དཔོན་ བཀྲིས་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ ལོག་མེ་འབར་མི་དེ་ ས་གནས་ཀྱི་མི་ཚུ་གིས་ རི་དྭགས་སེམས་ཅན་ཚུ་ ཁོང་གི་ ཞིང་ནང་འོང་ནི་ལས་ བཀག་ནི་དང་ སྒོ་ནོར་སེམས་ཅན་ཚུ་གི་དོན་ལུ་ རྩྭ་ལེགས་ཤོམ་སྐྱེ་བཅུག་ནིའི་དོན་ལུ་ དོན་ཅན་སྦེ་ར་ མེ་སྤར་སྤརཝ་བཟུམ་ཅིག་ འདུག་ཟེར་ཨིན་རུང་ ད་ལྟོ་ ལཱ་ངན་དེ་ ག་གིས་འབད་ཡོདཔ་ཨིན་ན་ ཤེས་མ་ཚུགས་ཟེར་ཨིན་པས།
ནགས་མེ་དེ་ འགོ་དང་པ་ བརཔ་རྒེད་འོག་གི་ས་གནས་ སྟོད་པའི་རོང་ཆུ་ལས་ སྐྱེས་ལོ་༣༣ ལང་མི་ སོ་ནམ་ཞིང་པ་ཅིག་གིས་ ཁོ་རའི་ཞིང་ནང་ རག་རོ་ཚུ་ མེ་བཏང་པའི་སྐབས་ལུ་ ཤོར་ཡོདཔ་ད་ ནགས་མེ་དེ་ ཉིན་གྲངས་༣ གྱི་རིང་ རྟ་ལོག་དང་ མགུ་མ་ དེ་ལས་ སྟོད་པའི་རྒེད་འོག་ཚུ་ནང་ ཁྱབ་སྤེལ་སོང་ཡི་ཟེར་ཨིན་པས།
ཨིན་རུང་ འགོ་དང་པ་ མེ་རྐྱེན་ཤོར་བཅུག་མི་ ཕོ་སྐྱེས་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
མེ་རྐྱེན་དེ་གིས་ གནོད་སྐྱོན་ཚུ་ ག་ཅི་ར་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ དབྱེ་ཞིབ་ཚུ་ འབད་མ་ཚར་བར་ཡོདཔ་ཨིན་རུང་ མེ་རྐྱེན་གྱི་ ཉིནམ་དང་པའི་ནང་ རྟ་ལོག་རྒེད་འོག་ནང་ གཏན་འཇགས་ཀྱི་སྡོད་ཁྱིམ་ ཐོག་ཚད་༢ འབད་མི་༢ དང་ མགུ་མ་རྒེད་འོག་ནང་ སྦ་སྒོར་ཅིག་ འཚིགས་ཡོདཔ་ད་ ཁྱིམ་དེ་ཚུའི་ནང་ལས་ ཅ་ཆས་ཚུ་ ག་ཅི་ཡང་ ཉེན་སྲུང་འབད་མ་ཚུགས་ཟེར་ བཀྲིས་དབང་ཕྱུག་གིས་སླབ་ཅི།
ཁོ་གིས་སླབ་མིའི་ནང་ གཞན་ཡང་ གསང་ཆེན་རྡོ་རྗེ་ཚེ་སྒྲུབ་ལྷ་ཁང་གི་ མ་ཎི་དུང་འཁོར་ཅིག་དང་ ནང་ན་ཅ་ཆས་ཚུ་ བཙུགས་ཏེ་ཡོད་པའི་ མཛོད་ཁང་༡ དེ་ལས་ ས་གནས་ནང་ལཱ་འབད་མི་ ལས་མི་ཚུ་སྡོད་སའི་ སྦ་སྒོར་༢ གཡུས་མི་ཚུ་གི་ བཟོ་སྐྲུན་གྱི་ཤིང་ཆས་ཚུ་ཡང་ འཚིགས་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
ནགས་མེ་ལུ་བརྟེན་པའི་ ཉམས་རྒུདཔ་ཚུ་གི་དོན་ལུ་ རྫོང་ཁག་གི་ཁ་ཐུག་ལས་ སྡོད་ས་དང་ བཟའ་འཐུང་གི་ རྒྱབ་སྐྱོར་ཚུ་ ག་དེ་དྲག་དྲག་འབད་དོ་ཟེར་ རྫོང་ཁག་བདག་སྐྱོང་ལས་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ཨིན་རུང་ གནོད་སྐྱོན་བྱུང་མི་ རྒེད་འོག་ཚུ་གིས་ རང་སོའི་རྒེད་འོག་ཚུ་ནང་ དབྱེ་ཞིབ་ཀྱི་ལཱ་ཚུ་ འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།
མེ་རྐྱེན་དེ་ལུ་བརྟེན་ ཐ་སྟོང་དང་ ཤིང་སྣ་སླ་བསྲེས་ཏེ་ཡོད་པའི་ ནགས་ཚལ་ཨེ་ཀར་༢,༠༠༠ ལྷགཔ་ཅིག་ འཚིགས་ཡོདཔ་སྦེ་ ནགས་ཚལ་འགོ་དཔོན་ཅིག་གིས་ སླབ་ཨིན་པས།
མེ་བསད་ནང་ རྫོང་ཁག་གི་འགོ་དཔོན་ཚུ་དང་ ནགས་ཚལ་ལས་བྱེདཔ་ དགེ་སློང་ བསྟན་སྲུང་དམག་མི་ ཁྲིམས་སྲུང་འགག་པ་ བདེ་སྲུངཔ་ དེ་ལས་ ས་གནས་ཀྱི་མི་ཚུ་གིས་ འབྲེལ་གཏོགས་འབད་ཡོདཔ་ ཨིན་པའི་གནས་ཚུལ།
No comments:
Post a Comment