ཉི་མ་དབང་འདུས།
དམིག་དམར་ སྤྱི་ཟླ་༤ པའི་ཚེས་༢། ༉ ན་ཧིང་ སྤྱི་ལོ་༢༠༡༡ ལོའི་ སློབ་རིམ་༡༠ པའི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ལུ་བལྟཝ་ད་ ཐིམ་ཕུ་ ཌོག་ཊར་སྟོབས་རྒྱས་སློབ་གྲྭ་གིས་ སློབ་གྲྭ་གཞན་ཚུ་དང་ཕྱདཔ་ད་ དྲག་ཤོས་ཐོན་ཡོདཔ་ཨིན་པས།
དེ་ཡང་ འབྲུག་སློབ་གྲྭའི་ཆོས་རྒྱུགས་དང་དབྱེ་ཞིབ་བཀོད་ཚོགས་ཀྱིས་ བསྡུ་སྒྲིག་འབད་མི་ སློབ་རིམ་༡༠ པའི་ གྲུབ་འབྲས་སྙན་ཞུའི་ནང་ བཀོད་ཡོདཔ་ད་ དཔལ་འཁྱིལ་འབྲིང་རིམ་སློབ་གྲྭའི་ སློབ་རིམ་༡༠ པའི་ སློབ་ཕྲུག་༡༨ ལས་༢ ཀྱིས་མ་གཏོགས་ སློབ་རིམ་༡༡ པའི་ནང་ མཐར་འཁྱོལ་མ་བྱུངམ་ད་ ཌོག་ཊར་སྟོབས་རྒྱས་སློབ་གྲྭ་ནང་ལས་ སློབ་ཕྲུག་༡ མ་གཏོགས་ གཞན་མི་༡༣ ག་ར་གིས་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
མ་གཞི་ སློབ་ཕྲུག་གཞན་ཚུ་གིས་ཡང་ ཆོས་རྒྱུགས་ནང་ལས་ མཐར་འཁྱོར་རུང་ སློབ་རིམ་༡༡ པའི་དོན་ལུ་ སློབ་གྲྭ་དང་ཤེས་ཡོན་ལས་ཁུངས་ཀྱི་ ཚད་གཞི་བཟོ་མི་ བརྒྱ་ཆ་༦༠.༤༠ མ་ཐོབ་ཨིན་པས།
སློབ་རིམ་༡༠ པའི་ སློབ་ཕྲུག་༩,༨༨༨ ཀྱིས་ མཐར་འཁྱོལ་བྱུང་མི་ལས་༤༠,༦༡ གིས་མ་གཏོགས་ སློབ་རིམ་༡༡ པའི་དོན་ལུ་ མཐར་འཁྱོལ་མ་བྱུངམ་ཨིན་པས།
ཨིན་རུང་ ཌོག་ཊར་སྟོབས་རྒྱས་སློབ་གྲྭའི་ གྲུབ་འབྲས་དང་འཁྲིལཝ་ད་ སློབ་ཁང་ནང་ སློབ་ཕྲུག་ཉུང་སུ་སྦེ་ཡོད་མི་ཚུ་གིས་ གྲུབ་འབྲས་ལེགས་ཤོམ་ཐོན་པའི་ གསལ་སྟོན་འབདཝ་ཨིན་རུང་ སློབ་གྲྭ་ནང་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ དུས་ཚོད་མངམ་སྦེ་ བྱིན་མ་ཚུགསཔ་ལས་ གྲུབ་འབྲས་ལེགས་ཤོམ་ མ་ཐོནམ་འོང་ཟེར་བཀོད་ནུག།
དཔེ་འབད་བ་ཅིན་ བཀྲིས་སྒང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ སློབ་རིམ་༡༠ པའི་སློབ་ཕྲུག་༡༩ ཡོད་ས་ལས་༩ གིས་མ་གཏོགས་ སློབ་རིམ་༡༡ པའི་ནང་ ལྷོད་མ་ཚུགསཔ་ད་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༡༠ པའི་སློབ་ཕྲུག་༢༢ ཡོད་ས་ལས་༨ ཀྱིས་མ་གཏོགས་ སློབ་རིམ་༡༡ པ་ནང་ མཐར་འཁྱོལ་མ་བྱུང་བས།
གཞུང་གི་སློབ་གྲྭ་ཚུ་གི་ སློབ་ཁང་༡ ནང་ སློབ་ཕྲུག་༣༠ ཡོད་མི་ཚུ་ ཉུང་སུ་ཅིག་ཨིནམ་སྦེ་ བརྩི་དོ་ཡོདཔ་ད་ སློབ་ཁང་༡ ནང་ སློབ་ཕྲུག་༣༠ ལས་མེད་མི་ བུམ་ཐང་ཨུ་ར་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་༡༣ གྱིས་མ་གཏོགས་ སྐུགས་བརྒྱ་ཆ་༦༠.༤༠ ལས་ལྷག་སྟེ་ ཐོབ་མ་ཚུགས་པས།
ཨིན་རུང་ སློབ་རིམ་༡༠ པའི་སློབ་ཁང་༡ ནང་ སློབ་ཕྲུག་༣༥ ཡོད་པའི་ སྤུ་ན་ཁའི་ དར་ཤིང་ལྡིང་འབྲིང་རིམ་སློབ་གྲྭ་བར་མ་ལས་ སློབ་ཕྲུག་༢༢ ཀྱིས་ སློབ་རིམ་༡༡ པའི་ནང་ མཐར་འཁྱོལ་བྱུང་ནུག།
སློབ་གྲྭ་དེ་ཚུ་ནང་ ཆོས་རྒྱུགས་ནང་ལས་ མཐར་མ་འཁྱོལ་མི་ སློབ་ཕྲུག་ཕུད་རྡོག་༡ ཡང་ མེད་མི་ལུ་བལྟ་བ་ཅིན་ སློབ་ཕྲུག་ཉུང་སུ་རེ་ལས་མེད་པའི་ སློབ་ཁང་ཚུ་ནང་གི་ སློབ་ཕྲུག་ག་ར་གིས་ སློབ་རིམ་༡༡ པའི་ནང་ མཐར་འཁྱོལ་མ་ཚུགས་རུང་ ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་ཚུགས་དོ་ཡོད་པའི་ ངོས་འཛིན་བྱུང་ནུག།
ཨིན་རུང་ རྒྱལ་ཁབ་ནང་ སློབ་གྲྭ་༨༡ ལས་༢༨ ཀྱིས་མ་གཏོགས་ མཐར་འཁྱོལ་བརྒྱ་ཆ་༡༠༠ མེདཔ་ད་ སློབ་གྲྭ་༡༥ འི་ནང་ མཐར་འཁྱོལ་བརྒྱ་ཆ་༥༠ བྱུང་ནུག།
དེ་བཟུམ་སྦེ་ ཌོག་ཊར་སྟོབས་རྒྱས་སློབ་གྲྭ་གིས་ རྫོང་ཁ་དང་ གློག་རིག་ལག་ལེན་༢ ནང་མ་གཏོགས་ གཞན་ཆོས་ཚན་ཚུ་ནང་ གྲུབ་འབྲས་ལེགས་ཤོམ་བྱུང་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་འབྲིང་རིམ་སློབ་གྲྭ་བར་མ་གིས་ རྫོང་ཁའི་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ད་ འཇིགས་མེད་ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་གིས་ གློག་རིག་ལག་ལེན་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྫོང་ཁག་ཚུ་གི་གྲས་ལས་ བུམ་ཐང་རྫོང་ཁག་གིས་ མཐར་འཁྱོལ་གྱི་བརྒྱ་ཆ་ མཐོ་ཤོས་ཐོན་ཡོདཔ་ད་ པདྨ་དགའ་ཚལ་རྫོང་ཁག་ནང་ སྐྱོ་ཤོས་ཅིག་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུའི་ སློབ་ཕྲུག་ཚུ་གིས་ ཨིང་ལིཤ་ཆོས་ཚན་ནང་ སྐུགས་མཐོ་དྲགས་སྦེ་ ཐོབ་ཡོདཔ་ད་ ལྷུན་རྩེའི་སློབ་ཕྲུག་ཚུ་གིས་ རྫོང་ཁ་དང་ ཚན་རིག་ནང་ སྐུགས་མཐོ་དྲགས་ ཐོབ་ཡོདཔ་སྦེ་ སྙན་ཞུའི་ནང་བཀོད་ནུག།
བཀྲིས་སྒང་གི་ སློབ་ཕྲུག་ཚུ་གིས་ སྐུགས་མཐོ་ཤོས་ར་ རྩིས་ཀྱི་ཆོས་ཚན་ནང་ ཐོབ་ཡོདཔ་ད་ བུམ་ཐང་གི་ སློབ་ཕྲུག་ཚུ་གིས་འབད་བ་ཅིན་ རྒྱལ་རབས་དང་ ས་ཆ་རིག་པ་ དེ་ལས་ སི་བིགསི་ཆོས་ཚན་ཚུ་ནང་ སྐུགས་མཐོ་སུ་ཐོབ་ཡོདཔ་ཨིན་པས།
དེ་ལས་ སྤུ་ན་ཁའི་སློབ་ཕྲུག་ཚུ་གིས་ དཔལ་འབྱོར་ཆོས་ཚན་ནང་ སྐུགས་ལེགས་ཤོམ་ཐོབ་ཡོདཔ་ད་ ཧཱ་གི་སློབ་ཕྲུག་ཚུ་ མང་ཤོས་ཅིག་གིས་ གློག་རིག་ལག་ལེན་ནང་ སྐུགས་ལེགས་ཤོམ་ཐོབ་ཡོད་པའི་ མངོན་གསལ་བྱུང་ཡོད་པའི་གནས་ཚུལ།
No comments:
Post a Comment