![]() |
བཙོག་པ་ཞུགས་ཡོད་མི་ ཝང་ཆུ། |
དམིག་དམར་ སྤྱི་ཟླ་༤ པའི་ཚེས་༢། ༉ རྒྱལ་ཁབ་གོང་འཕེལ་ཀྱི་འགྱུར་བ་དང་འཁྲིལ་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་ གཙང་ཆུ་ཚུ་ལུ་ བཙོག་པ་ཞུགས་ཏེ་ མི་དང་སེམས་ཅན་ དེ་ལས་ རང་བཞིན་གནས་སྟངས་ཚུ་ལུ་ གནོད་སྐྱོན་བྱུང་དོ་ཡོདཔ་ལས་ གཙང་ཆུ་ཚུ་ ཧིང་སངས་ས་སྦེ་ བཞག་དགོཔ་དེ་ ཁག་ཆེ་དྲགས་ཅིག་ཨིན་རུང་ ཐིམ་ཕུའི་ཝང་ཆུ་དེ་ བཙོག་པ་ཞུགས་ཡོདཔ་ལས་ རང་བཞིན་གནས་སྟངས་མཁས་མཆོག་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་ ཐིམ་ཕུ་ ཝང་ཆུའི་སྤུས་ཚད་ཀྱི་སྐོར་ལས་ གཙང་ཆུ་དེ་ དབྱེ་ཁག་༣ བཟོ་སྟེ་ བརྟག་ཞིབ་འབད་བའི་ སྙན་ཞུ་དང་འཁྲིལཝ་ད་ ཐིམ་ཕུའི་བྱང་ཕྱོགས་ས་གནས་ རྡོ་གདན་ནང་གི་ གཙང་ཆུ་ལུ་ བཙོག་པ་ཞུགས་ཏེ་མེད་རུང་ ཁ་མར་བལྟ་འགྱོཝ་ད་ བཙོག་པ་ཞུགས་ཏེ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ གཙང་ཆུ་དེ་ བར་སྦིས་ས་ལུ་ལྷོདཔ་ད་ ལྟ་མ་བཏུབ་འདུག་ཟེར་ཨིན་པས།
དེ་ཡང་ ཐིམ་ཁྲོམ་ནང་སྡོད་མི་ཚུ་གིས་ ཕྱགས་སྙིགས་ཚུ་ གཙང་ཆུ་ནང་ བཀོག་ནི་དེ་གིས་ཨིན་པའི་ཁར་ ཨོ་ལ་ཁ་ སྣུམ་འཁོར་བཅོ་ཁང་ནང་ལས་ཐོན་པའི་ ཕྱགས་སྙིགས་རག་ཚུ་ཡང་ ཆུ་དེ་ནང་ བཀོག་ནི་དེ་གིས་ ས་ཁོངས་དེ་ནང་ སྡོད་མི་ཚུ་གིས་ གལ་སྲིད་ ཝང་ཆུའི་ནང་ལས་ ཆུ་འཐུང་པ་ཅིན་ གཟུགས་ཁམས་ལུ་ ནད་གཞི་འཐོབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཁ་ས་གྲབ་ཅུ་གི་ ས་ཁོངས་ནང་བལྟཝ་ད་ ཝང་ཆུ་ལུ་ བཙོག་པ་གངམ་ཞུགས་ཏེ་མེད་རུང་ འཐུང་ནི་དང་ གོ་ལ་ཆུ་འཁྱུ་ནིའི་དོན་ལུ་ ལག་ལེན་འཐབ་མ་བཏུབ་པའི་ ངོས་འཛིན་བྱུང་ཡོདཔ་ད་ དེ་ཡང་ ཚན་རིག་དང་འཁྲིལཝ་ད་ གཙང་ཆུ་དེ་ རྫས་སྦྱོར་ཕེ་སིལ་ ཀོ་ལི་ཕོམ་ཟེར་མི་ཡོད་པ་ཅིན་ བཙོག་པ་ཞུགས་ཡོད་པའི་ བརྡ་མཚོན་ཨིནམ་ད་ ས་ཁོངས་དེ་ནང་ རྫས་སྦྱོར་དེ་ ཝང་ཆུའི་ནང་ ཡོདཔ་ཨིན་པས།
རང་བཞིན་གནས་སྟངས་མཁས་མཆོག་ ཀརྨ་གིས་ སླབ་མི་དང་འཁྲིལཝ་ད་ རྫས་སྦྱོར་ཕེ་སིལ་ ཀོ་ལི་ཕོམ་གྱིས་ ཆུ་ནང་ཡོད་པའི་ སྲོག་ཆགས་ཚུ་ལུ་ གནོད་སྐྱོན་རྐྱབ་ནི་དེ་གིས་ ཆུ་གཙང་ཏོག་ཏོ་སྦེ་ བཞག་མ་ཚུགསཔ་ལས་ དེ་གིས་ གཟུགས་ཁམས་ལུ་ གནོད་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཙང་ཆུ་ལུ་ བཙོག་པ་ཞུགས་བཅུག་མི་དེ་ མི་ལུ་བརྟེན་ཏེ་ བྱུངམ་མས་ཟེར་ཨིནམ་ད་ དེ་ཡང་ ཁྲོམ་ཁར་སྡོད་མི་ཚུ་གིས་ རུལ་བཏུབ་པའི་ཕྱགས་སྙིགས་དང་ རུལ་མ་བཏུབ་མི་ཕྱགས་སྙིགས་ཚུ་ག་ར་ གཙང་ཆུ་ནང་བཀོག་བའི་ཁར་ ལྕགས་ཀྱི་རིགས་དང་ རྫས་སྦྱོར་གྱི་རིགས་ཚུ་ཡང་ ཆུ་ནང་ བཀོག་ནི་དེ་གིས་ ལྷག་པར་དུ་ ཉེན་ཁ་འདུག་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གལ་སྲིད་ དེ་བཟུམ་མའི་ དཀའ་ངལ་བྱུང་མི་དེ་ལུ་ སྣང་དག་མེདཔ་སྦེ་བཞག་པ་ཅིན་ གཙང་ཆུ་ནང་ བཙོག་པ་མངམ་ཞུགས་ཏེ་ དྲི་ངན་མནམ་པའི་ཁར་ སོ་ནམ་གྱི་ ལག་ལེན་དོན་ལུ་ཡང་ གནོད་སྐྱོན་རྐྱབ་ནིའི་ཉེན་ཁ་ཡོདཔ་ལས་ མི་ཚུ་གིས་ གཙང་ཆུ་ནང་ ཕྱགས་སྙིགས་ཀྱི་རིགས་ཚུ་ ག་ཐོབ་འབད་ བཀོ་ནི་ལས་ འཛེམ་དགོ་ཟེར་ཨིན་པས།
རང་བཞིན་གནས་སྟངས་མཁས་མཆོག་ འཕྲིན་ལས་ཡེ་ཤེས་ཀྱིས་ སླབ་མི་དང་འཁྲིལཝ་ད་ རང་བཞིན་གནས་སྟངས་ ཧིང་སངས་ས་འབད་ བཞག་དགོ་པ་ཅིན་ གཙང་ཆུ་དང་ རོང་ཆུ་ལ་སོགས་པ་ཚུ་ བདག་འཛིན་འཐབ་དགོཔ་ཁག་ཆེ་ཟེར་ཨིནམ་ད་ དེ་ཡང་ ཆུ་ལུ་མ་བརྟེན་མི་ སེམས་ཅན་དང་ སྲོག་ཆགས་ དེ་ལས་ རྩྭ་ཤིང་ལ་སོགས་པའི་རིགས་ ག་ཅི་ཡང་མེདཔ་ལས་ དེ་ཚུ་ ལེགས་ཤོམ་སྦེ་གནས་དགོ་པ་ཅིན་ ཆུ་ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ འཛིན་སྐྱོང་འབད་དགོཔ་ཁག་ཆེ་ཟེར་ ཨིན་པའི་གནས་ཚུལ།
No comments:
Post a Comment