བཀྲིས་ཕུན་ཚོགས།
དམིག་དམར་ སྤྱི་ཟླ་༤ པའི་ཚེས་༢། ༉ ད་ལས་ཕར་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ ཞིབ་དཔྱོད་པ་ཚུ་གིས་ འབྲུག་རྒྱལ་ཁབ་ནང་ བཟའ་སྤྱོད་བཟོ་གྲྭ་ཁང་དང་ བཟའ་ཁང་ ཉལ་ཁང་ དེ་ལས་ རང་སོའི་ཁྱིམ་ནང་ལས་ བཟའ་འཐུང་གི་རིགས་ ཐོན་སྐྱེན་འབད་མི་ཚུ་ བརྟག་ཞིབ་འབད་ནི་ཨིནམ་ལས་ ཁྲིམས་མཐུན་མེད་མི་ཚུ་ལུ་ ཉེས་ཆད་བཀལ་ནི་ཨིན་པས།
དབང་འདུས་ལོད་སྦིས་ས་ལུ་སྦེ་ ཉིན་གྲངས་༣ གྱི་རིང་ ཞིབ་དཔྱོད་པ་ཚུ་ལུ་ བཟའ་སྤྱོད་ཁྲིམས་དོན་གྱི་གནད་དོན་ཐོག་ལུ་ དྲན་གསོའི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ ཡུན་བརྟན་བཟའ་སྤྱོད་ཉེན་སྲུང་དང་ ལག་ཁྱེར་ལམ་ལུགས་ཟེར་བའི་བརྗོད་དོན་ཐོག་ བཟའ་སྤྱོད་བཟོ་སྐྲུན་འབད་ནི་དང་ ཚོང་སྒྱུར་འཐབ་ནི་ དེ་ལས་ བཟའ་ཁང་ཚུ་ནང་ བཟའ་འཐུང་གི་རིགས་ཚུ་ གཙང་སྦྲ་དང་ ཉེན་སྲུང་ཡོད་མེད་ཀྱི་སྐོར་ལས་ཨིན་པས།
བཅའ་མར་གཏོགས་མི་ཚུ་ལུ་ གནམ་གཤིས་ཀྱི་ འགྱུར་བ་ལུ་བརྟེན་པའི་ བཟའ་འཐུང་གི་ཉེན་སྲུང་དང་ བཟའ་འཐུང་ཚུ་ བཟོ་སྐྲུན་འབད་བའི་སྐབས་ལུ་ གནོད་ཉེན་དང་འབྲེལ་བའི་ བཀག་འཛིན་ཁྱད་ཆོས་དང་ ཁྲིམས་ལུགས་བརྟག་ཞིབ་ཚུ་ ག་དེ་སྦེ་ འབད་ནི་ཨིན་ནའི་ སྦྱོང་བརྡར་ཡང་ འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བཟའ་སྤྱོད་དང་ཁྲིམས་དོན་ཟིན་བྲིས་ལམ་སྟོན་ཐོག་ལུ་ དྲན་བསྐུལ་འབད་ཡོདཔ་ད་ བཟའ་སྤྱོད་ཞིབ་དཔྱོད་པ་ཚུ་གིས་ ལམ་ལུགས་དང་འཁྲིལ་ཏེ་ བཟོ་སྐྲུན་ལས་སྡེ་དང་ བཟོ་གྲྭ་ ཟ་ཁང་ཚུ་གིས་ ཉེན་སྲུང་དང་ལྡན་པའི་སྒོ་ལས་ ལག་ལེན་འཐབ་དོ་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ནི་གི་ ལམ་སྟོན་ཚུ་ཡང་ འབད་ནུག།
བཅའ་མར་གཏོགས་མི་ ཁྲིམས་དོན་དང་ ཟུར་བཞག་ནད་བརྟག་ ཞིབ་དཔྱོད་པ་ བསྟན་འཛིན་གྱིས་ སླབ་མིའི་ནང་ སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་མི་དེ་གིས་ བཅའ་མར་གཏོགས་མི་ཚུ་ལུ་ ཉམས་མྱོང་དང་ རིག་རྩལ་ དེ་ལས་ ཤེས་ཡོན་ཚུ་ ཐོབ་ཡོདཔ་ལས་ ད་ལས་ཕར་ དོ་འགྲན་ཅན་གྱི་ལཱ་ ག་ཅི་བཟུམ་འཐོན་རུང་ བློ་གཏད་ཐོག་ལས་ འབད་ཚུགས་ཟེར་ཨིན་པས།
ཡར་རྒྱས་ཀྱི་ གནས་ཚད་དང་བསྟུན་ རྒྱལ་ཁབ་ནང་ དེ་བཟུམ་མའི་ ཁག་ཆེ་བའི་སྦྱོང་བརྡར་ལས་རིམ་ཚུ་ ཞིབ་དཔྱོད་པ་དང་ འབྲེལ་ཡོད་འཛིན་སྐྱོང་པ་ དེ་ལས་ མི་སེར་ཚུ་ལུ་ འགོ་འདྲེན་འཐབ་པ་ཅིན་ ཕན་ཐོགས་ཚུགས་པའི་ ནུས་པ་འདུག་ཟེར་ ཨིན་པས།
སྦྱོང་བརྡར་དང་འབྲེལ་ཏེ་ དབང་འདུས་རྫོང་ཁག་ནང་ཡོད་པའི་ བཟའ་ཁང་དང་ ཉལ་ཁང་ དེ་ལས་ བཟའ་སྤྱོད་བཟོ་གྲྭ་ཁང་༡༦ དེ་ཅིག་ནང་ བརྟག་ཞིབ་འབད་ཡོདཔ་མ་ཚད་ བཟའ་ཁང་གི་ཇོ་བདག་དང་ ལཱ་འབད་མི་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ཡོདཔ་ཨིན་པས།
དེ་བཟུམ་མའི་ སྦྱོང་བརྡར་ལས་རིམ་དེ་ སྤྱི་ཟླ་༤ པའི་ནང་ཡང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
No comments:
Post a Comment