གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་ལུང་ཕྱོགས་ཀྱི་དོན་ལུ་ བཟོ་གྲྭ་གོང་འཕེལ་ལས་འགུལ།


བསམ་གཏན་ཡེ་ཤེས།

དམིག་དམར་ སྤྱི་ཟླ་༤ པའི་ཚེས་༢། ༉ འབྲུག་རྒྱུ་ནོར་གཞི་བཟུང་གིས་ ཤར་ཕྱོགས་ཀྱི་ ལུང་ཕྱོགས་ཚུ་ནང་ བཟོ་གྲྭ་གོང་འཕེལ་གཏང་ནིའི་དོན་ལུ་ ན་ཧིང་ ལོ་ཕྱེད་ལས་ བརྟག་ཞིབ་འབད་ནི་ཚུ་ འགོ་བཙུགས་ཡོདཔ་བཞིན་དུ་ བཟོ་གྲྭ་གཞི་བཙུགས་ཀྱི་དོན་ལུ་ འོས་འབབ་ཅན་གྱི་ ལས་འགུལ་༡༠ དེ་ཅིག་ གསལ་བསྒྲགས་འབད་ཡི།

ཆེ་རིམ་དབང་འཛིན་ཚུ་གིས་ དབྱེ་ཞིབ་འབད་དེ་ དཔལ་འབྱོར་ཁེ་ཕན་གྱི་ འོས་འབབ་ཚུ་དབྱེ་ཞིབ་ཐོག་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ ཁྲོམ་སྡེ་གོང་འཕེལ་དང་ སྐྱེ་ལྡན་ལྟ་བཤལ་ ཤིང་ཆའི་ཐོན་སྐྱེད་དང་འབྲེལ་བའི་བཟོ་གྲྭ་ ཤིང་འབྲས་ དེ་ལས་ གེ་ཟའི་ཐོན་སྐྱེད་ལ་སོགས་པའི་ ནགས་ཚལ་དང་ སོ་ནམ་ ས་གཏེར་ཚུ་ལུ་བརྟེན་པའི་ བཟོ་གྲྭའི་ལས་འགུལ་༡༠ དེ་ཅིག་ ངོས་འཛིན་འབད་ཡོདཔ་ཨིན་པས།
ལས་འགུལ་དེ་ཚུའི་ནང་ འབྲུག་རྒྱུ་ནོར་གཞི་བཟུང་གིས་འབད་བ་ཅིན་ སྒེར་སྡེ་ཚུ་གིས་ ཁོང་དང་མཉམ་འབྲེལ་དང་ ཡང་ཅིན་ སྒེར་དབང་ཐོག་ གཞི་བཙུགས་འབད་བཅུག་ནི་གི་རེ་བ་ཨིནམ་ད་ གལ་སྲིད་ འབྲུག་རྒྱུ་ནོར་གཞི་བཟུང་དང་ མཉམ་འབྲེལ་ཐོག་ གཞི་བཙུགས་འབད་ནི་ཨིན་པ་ཅིན་ འབྲུག་རྒྱུ་ནོར་གཞི་བཟུང་གི་ སྒེར་སྡེ་མཉམ་འབྲེལ་གཞི་བཀོད་དང་འཁྲིལ་ཏེ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
ཤར་ཕྱོགས་ལུང་ཕྱོགས་ནང་ བཟོ་གྲྭ་གོང་འཕེལ་གྱི་ ལས་འགུལ་དང་འབྲེལ་བའི་ གོ་སྐབས་དང་ སྒེར་སྡེའི་རྒྱབ་སྐྱོར་དོན་ལུ་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ སྤྱི་ཟླ་༤ པའི་ཚེས་༤ ལུ་ སྒེར་སྡེ་ཚུ་ལུ་ གསལ་བཤད་འབད་ནི་ཨིནམ་ད་ ལས་འགུལ་དེ་ཚུ་དང་འབྲེལ་བའི་ གཞི་བཀོད་ཀྱི་ཚད་གཞི་དང་འཁྲིལཝ་ད་ གཙོ་བོ་ར་ ལས་སྡེ་ཚུ་གིས་ ལས་འགུལ་དེ་ཚུ་ནང་ དང་འདོད་ཡོད་པ་ཅིན་ མ་རྩ་ཉུང་ཤོས་ དངུལ་ཀྲམ་ས་ཡ་༡༠༠ དགོཔ་སྦེ་ཨིན་པས།
སྒེར་སྡེ་ཚུ་གིས་འབད་བ་ཅིན་ འབྲུག་ནང་འཁོད་ཀྱི་ སྒེར་སྡེའི་ལྕོགས་གྲུབ་གནས་སྟངས་དང་འཁྲིལཝ་ད་ མ་རྩའི་ཚད་གཞི་དེ་ མཐོ་དྲགས་འདུག་ཟེར་ཨིན་པས།
སྒེར་གྱི་ ལས་སྡེ་ཅིག་གིས་ སླབ་མའི་ནང་ འབྲུག་རྒྱལ་ཁབ་འདི་ རྒྱལ་ཁབ་གཞན་དང་ཕྱདཔ་ད་ སྒེར་སྡེ་ཆུང་ཤོས་ཅིག་ཨིནམ་ལས་ མི་མང་སྒེར་སྡེ་མཉམ་འབྲེལ་གྱི་ གཞི་བཀོད་དེ་ འབྲུག་པའི་དཔལ་འབྱོར་གྱི་ གནས་ཚུལ་དང་བསྟུན་ བསྐྱར་གསོ་འབད་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ གཞུང་འབྲེལ་ལས་སྡེ་ཚུ་དང་ཕྱདཔ་ད་ སྒེར་སྡེ་ཚུ་ ཆུང་རིམ་གྱི་གནས་ཚད་ནང་ཨིནམ་ལས་ གཞུང་གིས་སྒེར་སྡེ་ཚུ་ལུ་ མ་རྩའི་ཚད་གཞི་ དེ་བཟུམ་བཟོ་མི་དེ་ འོས་འབབ་མ་མཐོང་ཟེར་ཨིན་པས།
ད་རུང་ སྒེར་མི་གཞན་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ བཟོ་གྲྭ་གོང་འཕེལ་ལས་འགུལ་དག་པ་ཅིག་ ངོས་འཛིན་ཐོག་ འཆར་གཞི་བཟོ་མི་དེ་ལུ་ ངལ་རངས་ཡོད་རུང་ ཁོང་གིས་ ངོས་འཛིན་འབད་ཡོད་པའི་ ལས་འགུལ་ལ་ལུ་ སྒེར་སྡེ་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་ལས་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ ཧམ་འཛུལ་གྱི་ འཆར་གཞི་བཟུམ་ཅིག་ཡང་ མཐོངམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དཔེར་ན་ འབྲུག་ས་གཏེར་གྱིས་ རྡོ་དཀར་ཐོན་སྐྱེད་ཡར་སེང་གི་ བཟོ་གྲྭ་ལས་འགུལ་ཅིག་ གྲོས་འཆར་བཙུགས་ཡོདཔ་ད་ འབྲུག་རྒྱུ་ནོར་གཞི་བཟུང་གིས་འབད་བ་ཅིན་ རྡོ་དཀར་ཐོན་སྐྱེད་ཡར་སེང་གི་ བཟོ་གྲྭ་ལས་འགུལ་དེ་ གདུང་བསམ་རྩི་ས་ལས་འཛིན་ལུ་ གོ་སྐབས་ཡོདཔ་སྦེ་ ངོས་འཛིན་འབད་ཡོད་མི་དེ་ སྒེར་སྡེ་གིས་འབད་བའི་བསྒང་ཡོད་མི་ལུ་ ཧམ་འཛུལ་འབད་དོ་བཟུམ་མའི་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།
འབྲུག་རྒྱུ་ནོར་གཞི་བཟུང་གི་ ཆེ་རིམ་དབྱེ་དཔྱད་འགོ་དཔོན་ འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་ སྒེར་སྡེ་དག་པ་ཅིག་ལས་ གྲོས་འཆར་ཚུ་ ལྷོད་ཅི་ཟེར་ཨིནམ་ད་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ བཟོ་གྲྭ་གོང་འཕེལ་ལས་རིམ་དེ་ གཙོ་བོ་ར་ འབྲུག་གི་གོང་འཕེལ་ལས་རིམ་མང་ཤོས་ ནུབ་ཕྱོགས་ལས་ཕར་ཡོདཔ་ལས་ དཔལ་འབྱོར་གོང་འཕེལ་ལས་རིམ་ཚུ་ སྤྱི་སྙོམས་བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
ཤར་ཕྱོགས་ལུང་ཕྱོགས་ཚུ་ནང་ བཟོ་གྲྭ་གཞི་བཙུགས་འབད་ནིའི་ནང་ དཀའ་ངལ་དང་ དོ་འགྲན་གྱི་གནས་སྟངས་ལེ་ཤ་ཡོད་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ས་ཆ་དོག་དྲགས་ཡོད་མི་དང་ སྣུམ་འཁོར་ལམ་གྱི་ མཐུད་སྦྲེལ་ལེགས་ཤོམ་མེད་པའི་ཁར་ བཟོ་གྲྭ་གཞི་བཙུགས་ཀྱི་དོན་ལུ་ ལང་ཚུགས་པའི་ གློག་མེའི་ཐོན་སྐྱེད་མེདཔ་མ་ཚད་ ཤར་ཕྱོགས་ཀྱི་ རྫོང་ཁག་མང་ཤོས་ཅིག་ ལུང་ཕྱོགས་ཚོང་འབྲེལ་ལྟེ་བ་དང་ མཐུད་སྦྲེལ་མེད་མི་ཚུ་ཨིན་མས་ཟེར་བཤད་ཅི།
ཤར་ཕྱོགས་ལུ་ ཡོད་རུང་མེད་རུང་ གློག་ཤུགས་མེ་ག་ཝཱཊ་༦༠ འབད་མི་ ཀུར་རི་ཆུ་གློག་མེ་ལས་འགུལ་དེ་ཨིནམ་ད་ གློག་མེ་ལས་འགུལ་དེ་གིས་ ཤར་ཕྱོགས་དང་ དབུས་ཕྱོགས་ཚུ་ནང་ གློག་མེ་བཀྲམ་སྤེལ་འབདཝ་ཨིན་པས།
ཨིན་རུང་ འབྲུག་གློག་མེ་ལས་འཛིན་གྱིས་ ཤར་ནུབ་གྱི་ གློག་རྒྱུན་སྦྲེལ་མཐུད་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོད་པའི་ཁར་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ གི་དོན་ལུ་ ལས་འགུལ་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་དོ་ཡོད་མི་དེ་གིས་ མ་འོངས་པ་ལུ་ གློག་མེ་མ་ལང་པའི་དཀལ་ངལ་དེ་ མི་འོང་ཟེར་ཨིན་པས།
འཆར་གཞི་དེ་དང་འབྲེལ་བའི་ སྒེར་སྡེའི་འབྲེལ་གཏོགས་ཀྱི་དོན་ལུ་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ སྤྱི་ཟླ་༤ པའི་ཚེས་༤ ལུ་ སྒེར་སྡེ་ཚུ་ལུ་ འཆར་གཞི་ཚུ་ གསལ་བཤད་འབད་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment