གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནིའུ་ཡོག་ལུ་ དགའ་སྐྱིད་དང་ ཕན་བདེའི་སྐོར་ལས་ གསུང་གྲོས་གནང་དོ་ཡོདཔ།


རིག་འཛིན་དབང་ཕྱུག།

དམིག་དམར་ སྤྱི་ཟླ་༤ པའི་ཚེས་༢།  འབྲུག་རྒྱལ་ཁབ་ཀྱིས་ ད་རིས་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡིག་ཚང་གཙོ་ཁང་ནང་ དཔལ་འབྱོར་གྱི་མིག་དཔེ་གསརཔ་ཅིག་ གསལ་རིལ་རི་སྦེ་ སྟོན་ནིའི་དོན་ལུ་ ཕན་བདེ་དང་ དགའ་སྐྱིད་ཀྱི་སྐོར་ལས་ ཆེ་མཐོའི་གནས་རིམ་གྱི་ ཞལ་འཛོམས་ཐེངས་དང་པ་ འགོ་འདྲེན་འཐབ་མི་དེ་ནང་ འཛམ་གླིང་རྒྱལ་ཁབ་སོ་སོའི་ སྲིད་འཛིན་དང་ གཞུང་གི་དབུ་ཁྲིད་ འཛམ་གླིང་ཞི་བདེའི་གསོལ་རས་ཐོབ་མི་ ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་སོགས་པའི་ དཔལ་འབྱོར་མཁས་མཆོག་དང་ བློ་གྲོས་ཅན་ སྲིད་དོན་པ་ གཙུག་ལག་སློབ་སྡེའི་མཁས་དབང་༦༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ནི་ཨིན་པས།

ཞལ་འཛོམས་དེ་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འཛམ་གླིང་ཡོངས་ཀྱི་ གཞུང་ཚུ་གིས་ ཡུན་བརྟན་དཔལ་འབྱོར་གོང་འཕེལ་གྱི་ སྲིད་བྱུས་ནང་ ཕན་བདེ་དང་ དགའ་སྐྱིད་ཀྱི་ ལྟ་བ་གསརཔ་ དང་ལེན་འབད་དེ་ བསྟར་སྤྱོད་གནང་དགོ་པའི་ གྲོས་འདེབས་ཕུལ་ནི་ཨིན་པས།
བདུན་མཐའི་སྐབས་ བློན་ཆེན་མཆོག་གིས་ གནས་ཚུལ་གྲོས་བསྡུར་ཞལ་འཛོམས་ནང་ འབྲུག་གིས་ དགའ་སྐྱིད་ཞལ་འཛོམས་ཐེངས་དང་པ་ འགོ་འདྲེན་འཐབ་མིའི་སྐོར་ལས་ གསུངས་མིའི་ནང་ འབྲུག་གིས་ གོང་འཕེལ་ལུ་མིན་པར་ དགའ་སྐྱིད་དང་ ཕན་བདེ་ལུ་ གཙོ་རིམ་བཟུང་སྟེ་ འཛམ་གླིང་གི་ དཔལ་འབྱོར་དང་ སྲིད་དོན་ ཚོང་འབྲེལ་ལག་ལེན་ཚུ་ བསྒྱུར་བཅོས་འབད་ནི་གི་ ཐབས་ལམ་ཚུ་ གྲོས་འདེབས་བཀོད་ནི་ཟེར་ཨིན་པས།
ང་བཅས་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འོང་དགོ་མིའི་ གནད་དོན་གཙོ་བོ་ར་ ཡུན་བརྟན་གོང་འཕེལ་གྱི་ མིག་དཔེ་འོས་ལྡན་དང་ ཡང་དག་ཅིག་ བཟོ་ནིའི་དོན་ལས་ འཛམ་གླིང་ལུ་ གྲོས་བསྡུར་གནང་ནི་གི་ གོ་སྐབས་བྱིན་ཐབས་ལུ་ཨིན་ཟེར་ བློན་ཆེན་མཆོག་གིས་ གསུངས་ཡོདཔ་ད་ ན་ཧིང་ སྤྱི་ཟླ་༧ པའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་འདུའི་ནང་ གོང་འཕེལ་གྱི་དོན་ལུ་ དགའ་སྐྱིད་དེ་ ཡོངས་ཚང་ཐབས་ལམ་ཅིག་སྦེ་ དང་ལེན་འབད་ནི་གི་ ཆ་འཇོག་གྲུབ་པའི་ཤུལ་ལས་ གྲུབ་འབྲས་དེ་གི་སྐོར་ལས་ ད་རིས་ ཞལ་འཛོམས་འཚོགས་མི་དེ་ འགོ་དང་པ་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ འབྲུག་གིས་ གྲོས་གཞི་ཕུལ་མི་དང་འཁྲིལ་ འཛམ་གླིང་སྤྱི་ཚོགས་ཀྱིས་ དགའ་སྐྱིད་དེ་ གོང་འཕེལ་གྱི་ ཐབས་ལམ་འོས་ལྡན་ཅིག་སྦེ་ ཆ་འཇོག་གྲུབ་མི་དང་འཁྲིལ་ བསམ་བཤད་ཞལ་འཛོམས་རྐྱངམ་གཅིག་ འགོ་འདྲེན་འཐབ་ནི་ཨིན་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གྲོས་བསྡུར་དེ་ ཡོངས་ཁྱབ་ཚོགས་འདུ་ནང་རྐྱངམ་གཅིག་མིན་པར་ གནས་རིམ་ཆ་མཉམ་ནང་ ཁྱབ་ནི་ཨིནམ་མ་ཚད་ ཆེ་མཐོའི་གནས་རིམ་གྱི་ ཞལ་འཛོམས་ནང་ ངོས་ལེན་བྱུང་མི་ལུ་བལྟ་སྟེ་ ཧ་ལས་དགོཔ་བྱུང་ཡི་ཟེར་ཨིན་པས།
ད་རིས་ཀྱི་ ཞལ་འཛོམས་དེ་ ཁག་གསུམ་ལུ་དབྱེ་སྟེ་ འཚོག་གནང་ནི་ཨིནམ་ད་ འགོ་འབྱེད་རྟེན་འབྲེལ་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ བཱན་ཀི་མཱུན་གྱིས་ ཞལ་འཛོགས་འགོ་འབྱེད་ཀྱི་ གསལ་བཤད་གནང་པའི་ཤུལ་ལུ་ ཀཱོསི་ཊ་རི་ཀའི་སྲིད་འཛིན་ ལའུ་ར་ ཅིན་ཅི་ལ་གིས་ཡང་ གསུང་བཤད་གནང་ནི་ཨིན་པས།
ལས་རིམ་གཉིས་པའི་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་༤ དེ་ཡང་ ཡུན་བརྟན་གོང་འཕེལ་གཏང་ནི་དང་ ལམ་སྲོལ་ཉམས་སྲུང་དང་ གོང་འཕེལ་གཏང་ནི་ མཐའ་འཁོར་གནས་སྟངས་ཉམས་སྲུང་ དེ་ལས་ རྒྱལ་ཁབ་ཀྱི་ ཐོན་ཁུངས་ཚུ་ ཆ་སྙོམས་དང་ ཕན་ནུས་ཅན་སྦེ་ སྤྱོད་ཐངས་ཚུ་གི་སྐོར་ལས་ གྲོས་བསྡུར་གནང་ནི་ཨིནམ་ད་ ཞལ་འཛོམས་དེ་ བཅའ་མར་གཏོགས་མི་༦༠༠ གིས་ ཕན་ཚུན་གྲོས་བསྡུར་འབད་ཐོག་ལས་ མཇུག་བསྡུ་ནི་ཨིན་པས།
བློན་ཆེན་མཆོག་གིས་གསུངས་མིའི་ནང་ ཞལ་འཛོམས་ནང་ གསུང་གྲོས་བྱུང་མི་ཚུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment