གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་རྐྱང་སྦེ་སྡོད་མི་ལས་ ཕྱི་ཁའི་ མི་ཚུ་དང་ འབྲེལ་བ་འཐབ་ནི་ འགོ་བཙུགས།

༡/༡༠/༢༠༡༢    ཧེ་མ་འབད་བ་ཅིན་ སློཔ་ཚུ་ མི་ངོ་མ་ཤེས་མི་ཚུ་དང་ བློ་སླབ་ནི་མེད་རུང་ བདའ་བཏང་པའི་ སྲོལ་མེད་ཟེར་ཨིན་པས།

༉ འབྲུག་གི་ས་གནས་གཞན་ཁར་སྡོད་མི་ ལ་ལུ་ཅིག་གིས་ བསམ་རྩེ་རྡོ་རོ་ཁ་དྲུང་ཁག་ རྡོ་ཕུག་ཅན་རྒེད་འོག་ སློཔ་གི་གཡུས་ཚན་གསུམ་ནང་ མི་གཞན་ཚུ་ འཛུལ་ནི་མེད་པའི་ཁར་ ག་དེམ་ཅིག་སྦེ་ འཛུལ་སོ་པ་ཅིན་ མི་དེ་ བདའ་གཏངམ་ཨིནམ་པའི་ མནོ་ལུགས་ཡོདཔ་ཨིན་པས།
སློཔ་སྡེ་ཚན་ཅིག་གིས་ ཕྱི་ཁ་ལས་འོང་མི་ མགྱོནམ་ཅིག་ལུ་ མི་གསརཔ་ཚུ་ བདའ་གཏང་ནི་མེད་པའི་སྐོར་ལས་ གསལ་བཤད་འབད་བའི་བསྒང་།
སློཔ་གི་བཟའ་ཚན་ཅིག།


དེ་འབདཝ་ད་ ལོ་ཏོག་ཀུ་ཅུ་འཇིགས་མེད་དང་ ལོ་ཏོག་ཀུ་ཅུ་སེངྒེ་ ལོ་ཏོག་ཀུ་ཅུ་དབང་ཕྱུག་གཡུས་ཚན་གསུམ་གྱི་ གྲོང་གཡུས་མི་སེར་ ཡོངས་གྲགས་ལུ་ རྡོ་ཡཔ་ཟེར་སླབ་མི་ སློཔ་ཚུ་གིས་ ཕྱི་ཁ་ལས་ འོང་མི་ཚུ་ལུ་ མགྲོན་སྐྱོང་ལེགས་ཤོམ་འབད་མི་ལུ་ལྟཝ་ད་ ཁོང་གི་གཡུས་ཚན་ནང་ འཛུལ་མི་ཆོག་ཟེར་ སླབ་མི་དེ་ མ་བདེནམ་ཨིན་པའི་ མངོན་གསལ་བྱུང་ནུག།
འདི་བཟུམ་ཡིད་མོས་བསྐྱེད་མི་དེ་ མི་སེར་གྱི་ མནོ་ལུགས་ཅིག་ཨིན་མས་ཟེར་ སློཔ་ཚུ་གིས་ སླབ་ཨིན་པས།
སྐྱེས་ལོ་༨༠ ལང་མི་ ཟླ་མེད་ཀྱིས་ སླབ་མིའི་ནང་ ཁོ་ར་ཆུང་ཀུ་སྦེ་སྡོད་པའི་སྐབས་ ཕམ་ཚུ་གིས་ གཡུས་ཚན་གྱི་ ཕྱི་ཁ་ལས་ མི་གསརཔ་དང་ ཡང་ཅིན་ ངོ་མ་ཤེས་མི་རེ་ འོང་པ་ཅིན་ བློ་སླབ་ནི་ལས་ འཛེམ་ཐབས་འབད་དགོ་ཟེར་ བསླབ་བྱ་བྱིན་སྲོལ་ཡོདཔ་མ་གཏོགས་ མི་གཞན་ཚུ་གིས་ མནོ་ལུགས་བསྐྱེདཔ་བཟུམ་སྦེ་མིན་པར་ ཕྱི་མི་ཚུ་ བདའ་གཏང་དགོཔ་སྦེ་ སྟོན་བྱིན་བྱིནམ་ རྩ་ལས་མེན་ཟེར་ཨིན་པས།
ཕྱི་ཁའི་མི་ཚུ་ ང་བཅས་ཀྱི་ གཡུས་ཚན་ནང་ འོང་པ་ཅིན་ སློཔ་ཚུ་གིས་ ཁོང་ཆ་ཁྱབ་ལུ་ འཇིགས་སྐྲག་སྟོན་ཏེ་ རྡོ་བླུགས་བྱིན་ནི་ཡོད་ཟེར་ ང་བཅས་ལུ་ དེ་སྦེ་ སླབ་མི་ཐོན་ཡོད་རུང་ ང་བཅས་ཀྱིས་ དེ་བཟུམ་འབད་ཡོདཔ་ དྲན་མི་ཚུགས་པས་ཟེར་ ཟླ་མེད་ཀྱིས་ སླབ་པའི་ཁར་ ཕྱི་ཁའི་མི་ཚུ་འོངམ་ད་ ང་བཅས་ཁྱིམ་ནང་ན་ལས་ སྒོའི་རྣལ་ལྕགས་རྐྱབ་སྦེ་ ཁྱིམ་ནང་སྡོད་པའི་ དཔྱད་རིག་འདུག་ཟེར་ སླབ་ཨིན་པས།
ཁོ་གིས་ དྲན་ཚོར་འབད་མིའི་ནང་ དེ་བསྒང་ ཁོང་གི་ ཕམ་ཚུ་གིས་ ཕྱི་མི་ཚུ་འོང་སར་ མཐོང་པ་ཅིན་ དེ་འཕྲོ་ལས་ ཁོང་གི་ ཞིང་ལཱ་བཤོལ་བཞག་སྟེ་ ཁྱིམ་ནང་རྒྱུག་འོང་ཞིནམ་ལས་ ཁྱིམ་ལྡེ་མིག་རྐྱབ་བཞག་ནི་ཡོད་ཟེར་ཨིནམ་ད་ དེ་སྦེ་ ཁྱིམ་ནང་འཛུལ་སྦེ་ ལྡེ་མིག་དང་ རྣལ་ལྕགས་རྐྱབ་དགོ་མི་དེ་ཡང་ རྡོ་ཡཔ་ཚུ་ ཁོང་ཆ་ཁྱབ་ དམར་བསད་དང་ ཡང་ཅིན་ ཁོང་གི་ རྒྱུ་དངོས་ཚུ་ ཨར་རྐུན་འབད་དེ་ འབག་འོང་ཟེར་ འདྲོག་བྱེལ་འཐབ་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
ཟླ་མེད་ཀྱིས་འབད་བ་ཅིན་ ཁོ་ར་ གཉེན་རྐྱབ་ཞིནམ་ལས་ བསམ་རྩེ་ལུ་ བཟའ་འཐུང་ཉོ་བར་མ་འགྱོ་བའི་ཧེ་མར་ ཁོ་རའི་ཕམ་བཟུམ་སྦེ་ར་ བུམོ་དང་གནས་ཚང་དེ་ ཁྱིམ་སྦ་སྒོར་ནང་བཞག་སྟེ་ ཕྱི་ཁ་ལས་ ལྡེ་མིག་རྐྱབ་བཞག་ནི་ཡོད་མི་དེ་ཡང་ ཕོ་སྐྱེས་ཚུ་ བསམ་རྩེ་ལས་ ལོག་ཁྱིམ་ནང་ ལྷོད་ནི་ལུ་ བདུན་ཕྲག་༡ དེ་ཅིག་ འགོར་ནི་དེ་གིས་ཨིན་པས།
དེ་བསྒང་ ང་བཅས་ཀྱིས་ ཨ་ལུ་ཚུ་གི་ནང་ལས་ དམིགས་བསལ་དུ་ བུམོ་ཚུ་ལུ་ ཕྱི་ཁའི་མི་ཚུ་གིས་ ལོ་རྒྱུས་རེ་དྲི་བ་ཅིན་ ལན་རྩ་ལས་ར་ སླབ་ནི་མི་འོང་ཟེར་ སླབ་བཞག་ནི་ཡོད་ཟེར་ ཁོ་གིས་ སླབ་པའི་ཁར་ གལ་སྲིད་ ཕྱི་ཁའི་མི་ཅིག་ ཁོང་གི་ གཡུས་ཚན་ནང་ འོང་པ་ཅིན་ རྡོ་ཡཔ་ཕུད་རྡོག་གཅིག་གིས་ཡང་ མི་དེ་དང་ ཁ་མི་སླབ་ཟེར་ བཤདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ཏེ་ མི་ཚུ་གི་སྣང་བ་ལུ་ ང་བཅས་ཀྱིས་ ཕྱི་ཁའི་མི་ཚུ་ སློཔ་གཡུས་ཚན་ནང་ འོང་མི་བཅུག་པས་ཟེར་ མནོ་ལུགས་བསྐྱེདཔ་འོང་ནི་མས་ཟེར་ སྐྱེས་ལོ་༨༧ ལང་མི་ ཉི་མ་གིས་ སླབ་ཨིན་པས།
ཉི་མ་གིས་འབད་བ་ཅིན་ རྡོ་ཡའི་མི་སེར་མང་ཤོས་ལུ་ འབྲི་ལྷག་གི་ ཤེས་ཡོན་མེད་པའི་ཁར་ ངོ་ཆུང་དང་ ངོ་ཚ་ཅན་ཨིནམ་ལས་ མི་གསརཔ་འོང་མི་ཚུ་གིས་ གོ་སྐབས་ལེན་ཐོག་ལས་ ཁོང་གི་ ས་ཞིང་ཚུ་ འཕྱོག་འབག་ནི་ཡོད་ཟེར་ཨིནམ་ད་ ང་བཅས་ཀྱི་ ཕམ་ཚུ་གིས་ འདི་བཟུམ་ མི་ངོ་མ་ཤེས་མི་ཚུ་དང་ འབྲེལ་བ་འཐབ་མ་བཅུག་མི་དེ་ ཨ་ལུ་ཚུ་དང་ ས་ཞིང་ཚུ་ ཉེན་སྐྱོབ་འབད་ཐབས་ལུ་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
ཁོ་གིས དྲན་ཚོར་འབད་མིའི་ནང་ ཚར་ཅིག་འབདཝ་ད་ ཉེ་འདབས་ཀྱི་ གཡུས་མི་ཅིག་འོང་སར་མཐོང་སྟེ་ ཁོ་ར་སྔུ་སྦེ་ ཁྱིམ་ནང་བྱོག་སོང་ཡི་ཟེར་ཨིན་པས།
ད་རེས་ ན་འཐན་སྦེ་ བརྟག་ཤིང་དཔྱད་ལྟ་བ་ཅིན་ མི་ཚུ་ གཡུས་ཚན་ཁག་སོ་སོ་དང་ རྡོ་རོ་ཁ་ལས་ ཁོང་གི་གཡུས་ཚན་ནང་ འོང་མི་དེ་ ཁོང་ཅ་ཆས་ཚུ་ ལོ་ཐོག་གཞན་ཚུ་དང་ བརྗེ་སོར་འབད་ནི་དང་ ཡང་ཅིན་ གེ་ཟ་དང་ མོནམ་བྱཱ་ལྷག་པར་ འོང་ནི་མས་ཟེར་ཨིན་པས།
དེ་བསྒང་ ང་བཅས་ ཟུར་མ་སྡོད་པར་ ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་སྡོད་ཡོད་པ་ཅིན་ ད་རིས་འབདཝ་ད་ ག་ཅི་ཅིག་ ཕར་ཚུར་བརྗེ་སོར་འབད་ནི་གི་ གོ་སྐབས་ཅིག་ ཡོདཔ་འོང་ནི་མས་ཟེར་ ཉི་མ་གིས་ སླབ་མ་ཚད་ ལོ་ངོ་དག་པ་ཅིག་གི་ཧེ་མ་ཡང་ ལྟ་བཤལ་ལག་ལེན་པ་ཚུ་གིས་ ཁོང་གི་ གཡུས་ཚན་ནང་ ལྟ་བཤལཔ་ཁྱིད་འོང་མ་བཏུབ་ཟེར་ སླབ་ཨིན་པས།
སྐྱེས་ལོ་༣༣ ལང་མི་ ཨོམ་ཆུ་གིས་ སླབ་མིའི་ནང་ མི་གསརཔ་དང་ ཕྱད་ནི་དེ་ སྤྲོ་བ་ཅན་ཅིག་ཨིན་རུང་ མོ་གི་ཨ་པ་གིས་ མོ་ལུ་ ཕྱི་ཁའི་མི་ག་དང་ཡང་ བློ་སླབ་མ་བཅུག་པར་ བཞག་ཅི་ཟེར་ཨིནམ་ད་ མོ་གི་ཕམ་ཚུ་ ཕྱི་ཁར་འགྱོཝ་ད་ར་ མོ་ར་ ཁྱིམ་ནང་བཞག་སྟེ་ ཕྱི་ཁ་ལས་ ལྡེ་མིག་རྐྱབ་འབག་ནི་ཡོད་ཟེར་ མོ་གིས་ སླབ་ཨིན་པས།
ཕྱི་ཁའི་མི་ཚུ་གིས་ གྲོང་གཡུས་ཨམ་སྲུ་ཚུ་ ཨརཝ་བརྐུཝ་ཨིན་ཟེར་ མནོ་ལུགས་ཡོད་མི་ རྡོ་ཡཔ་མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ ཕྱི་ཁའི་མི་ཚུ་ ཁོང་གི་ གཡུས་ཚན་ནང་འོང་མིའི་ རྒྱུ་རྐྱེན་ཧ་གོ་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཁོང་དང་ བློ་སླབ་ནི་ འགྲོས་ཀྱིས་བཏང་སྟེ་ འགོ་བཙུགས་ཏེ་ ལོ་དག་པ་ཅིག་ལས་བརྒལ་ མ་སོང་ཟེར་ཨིན་པས།
ད་རེས་ནངས་པ་ སློཔ་གཡུས་ཚན་ཚུ་ནང་ དེང་སང་གི་ གོང་འཕེལ་ལས་སྣ་ཚུ་ ལྷོད་མི་དང་བསྟུན་ སློཔ་ཚུ་གིས་ མགྱོནམ་ཚུ་ལུ་ ལེགས་པའི་ངོས་ལོན་དང་ མགྲོན་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ད་ ང་བཅས་ཆ་ཁྱབ་ གཞན་དང་ སླ་མ་བསྲེས་པར་ ཧེ་མ་བཟུམ་སྦེ་ར་ སྡོད་ཡོད་པ་ཅིན་ ད་རིས་བཟུམ་སྦེ་ ཡར་རྒྱས་མ་འགྱོ་བར་ ལུས་ལུསཔ་འོང་ཟེར་ གྲོང་གཡུས་ཚོགས་པ་ སྐྱབས་ཆུ་གིས་ སླབ་ཨིན་པས།
ཨིན་རུང་ གྲོང་གཡུས་མི་སེར་ ལེ་ཤ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་ཆ་ཁྱབ་ ཧེ་མ་དང་ཕྱདཔ་ད་ སྦ་གསང་མེདཔ་ ཡར་སོ་རུང་ གཡུས་ཚན་ནང་ མི་ངོ་མ་ཤེས་མི་དང་ ཁ་སླབ་ད་ ད་ལྟོའི་བར་ན་ཡང་ གཟབ་གཟབ་འབད་དོ་ཟེར་ཨིནམ་ད་ རྫོང་ཁག་དང་ ཡང་ཅིན་ རྒེད་འོག་འགོ་དཔོན་ཚུ་གིས་ ང་བཅས་ཀྱི་ ས་ཁོངས་ནང་ མི་གསརཔ་འོང་དོ་ཡོད་པའི་ བརྡ་མ་སླབ་ཚུན་ཚོད་ མི་གསརཔ་ལུ་ མགྲོན་སྐྱོང་འབད་ནི་མེད་ཟེར་ སྐྱེས་ལོ་༦༧ ལང་མི་ སངས་རྒྱས་དབང་ཕྱུག་གིས་ སླབ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment