གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་པ་གིས་ རྒུད་འཐུས་སྤྲོད་ནིའི་ལམ་ལུགས་ཅིག་ འགོ་བཙུགས་ཡོདཔ།

༡/༡༠/༢༠༡༢   ༉ སོ་ནམ་ལྷན་ཁག་འོག་གི་ རང་བཞིན་སྲུང་སྐྱོབ་སྡེ་ཚན་གྱིས་ རི་དྭགས་སེམས་ཅན་ཚུ་ལུ་བརྟེན་པའི་ དཀའ་ངལ་སྦོམ་ཡོད་པིའི་ ས་ཁོངས་ཚུ་ནང་ རྒེད་འོག་རང་བཞིན་གནས་སྟངས་ཉམས་སྲུང་ཚོགས་པ་ཟེར་མི་ཚུ་ མི་སྡེའི་ཚོགས་པ་ གཞི་བཙུགས་འབད་བའི་ཁར་ རྒུད་འཐུས་ཚུ་ ཚོགས་པ་གིས་ སྤྲོད་ནིའི་ལམ་ལུགས་ཅིག་ འགོ་བཙུགས་ཡོདཔ་ཨིན་པས།


དེ་ཚུའི་དོན་ལུ་ གཞུང་གིས་ གཞི་རྟེན་མ་དངུལ་འབུམ་༣ རེ་ གནང་སྟེ་ཡོདཔ་ད་ དེ་ཡང་ ཧེ་མ་ར་ གཞི་རྟེན་མ་དངུལ་ཚུ་ དངུལ་ཁང་ཚུ་ནང་ གསོག་འཇོག་འབད་དེ་ སྐྱེད་འཕར་བཅུག་དགོཔ་ལས་ ད་ལྟོ་ཚུན་ ལམ་ལུགས་དེ་གི་ཐོག་ལས་ རྒུད་འཐུས་སྤྲོད་ནི་ཚུ་ འགོ་མ་བཙུགས་པར་ཡོད་ཟེར་ རང་བཞིན་སྲུང་སྐྱོབ་སྡེ་ཚན་གྱི་ ནགས་ཚལ་འགོ་དཔོན་གཙོ་འཛིན་ བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།
ལམ་ལུགས་དེ་གི་དོན་ལུ་ སྤྲོ་བ་ཡོད་མི་ཚུ་གིས་ རང་སོའི་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ཚུ་གི་དོན་ལུ་ ཉེན་བཅོལ་མ་དངུལ་ཚུ་ བཙུགས་དགོཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་དངུལ་དེ་ཚུ་ ཚོགས་པ་དེ་གིས་ འཛིན་སྐྱོང་འཐབ་དགོཔ་ད་ དེ་ནང་ གཞི་རྟེན་མ་དངུལ་གྱི་དོན་ལུ་ རྩིས་ཁྲ་ཅིག་དང་ མི་སེར་ལས་ ཉེན་བཅོལ་མ་དངུལ་བསྡུ་མིའི་ འཐུས་ཀྱི་དོན་ལུ་ རྩིས་ཁྲ་ཅིག་འབདཝ་ད་ རྩིས་ཁྲ་༢ རེ་ བཟོ་དགོ་ཟེར་ཨིན་པས།
བསོད་ནམས་དབང་ཕྱུག་གིས་ བཤད་མིའི་ནང་ ད་རེས་ གཞུང་གིས་གནང་མི་ཚུ་ རྒུད་འཐུས་མེན་པར་ སེམས་གསོ་ཨིན་ཟེར་ཨིནམ་ད་ ཤུལ་ལས་ ལམ་ལུགས་དེ་ ལག་ལེན་འཐབ་པའི་བསྒང་ལས་ ད་རེས་ཀྱི་ སེམས་གསོའི་ལམ་ལུགས་དེ་ ཆ་མེད་གཏང་ནི་ཨིན་ཟེར་ཨིན་པས།
དེ་མ་ཚད་ ལམ་ལུགས་དེ་ འགོ་བཙུགས་ཡོད་མི་ རྒེད་འོག་ཚུ་གི་ ཁོང་རའི་གནས་ཚད་ནང་ མ་དངུལ་གོང་འཕེལ་གཏང་ནིའི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཆོག་ནི་དང་ གལ་སྲིད་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་དང་ མི་སྡོད་སའི་ཁྱིམ་ དེ་ལས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་རེ་བཀལ་བའི་སྐབས་ ནགས་ཚལ་འགོ་དཔོན་དང་ རྫོང་ཁག་ འགོ་དཔོན་ཚུ་ འགྱོ་མ་དགོ་པར་ ཚོགས་པ་དེ་གིས་ར་ དབྱེ་ཞིབ་འབད་དགོ་ཟེར་ཨིན་པས།
ཧེ་མ་ སེམས་གསོ་བྱིན་ནིའི་ལཱ་ཚུ་ གཞུང་གིས་འབད་བའི་སྐབས་ བྱ་སྟབས་མ་བདེ་བའི་གནད་དོན་ ལེ་ཤ་བྱུང་ཡོདཔ་ད་ ད་རེས་ཀྱི་ ཚོགས་པའི་ཁྲི་འཛིན་དེ་ རྒེད་འོག་གི་ རྒཔོ་འབད་ནི་དེ་གིས་ སྟབས་བདེ་དྲགས་འོང་ཟེར་ཨིན་པས།
མ་གཞི་ རྒུད་འཐུས་སྤྲོད་ནི་ཚུ་ གནོད་སྐྱོན་གྱི་རྒྱ་ཚད་དང་ སྒོ་ནོར་སེམས་ཅན་འབད་བ་ཅིན་ གནོད་སྐྱོན་བྱུང་མི་ སེམས་ཅན་ཚུ་གི་ རིགས་དང་འཁྲིལ་ནི་ཨིན་རུང་ ད་ལྟོ་ ཚོགས་པ་ཚུ་གིས་ ཚད་གཞི་ཚུ་མ་བཟོ་བར་ ཡོདཔ་ཨིན་པས།
ཨིན་རུང་ དེ་གི་སྐབས་ལུ་ རྒུད་འཐུས་ཚུ་ གལ་སྲིད་སྒོ་ནོར་སེམས་ཅན་ཚུ་ལུ་ རང་གི་ཁྱིམ་ནང་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་ཁར་ གནོད་སྐྱོན་བྱུང་པ་ཅིན་རྐྱངམ་གཅིག་ འཐོབ་ནི་ཨིན་ཟེར་ བསོད་ནམས་དབང་ཕྱུག་གིས་ སླབ་ཡོདཔ་ད་ ད་རེས་ནངས་པ་ གཡུས་སྒོའི་ སྒོ་ནོར་སེམས་ཅན་ མང་ཤོས་ཅིག་ལུ་ རང་སོའི་ཁྱིམ་ནང་ལས་ ཐག་རིང་སར་འབད་བའི་ ཚལ་མ་ཚུ་ནང་ གནོད་སྐྱོན་བྱུང་དོ་ཡོདཔ་ལས་ ཚད་གཞི་དེ་ལུ་བལྟ་བ་ཅིན་ ལམ་ལུགས་དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་ནི་བཟུམ་ཅིག་ མི་མཐོང་པས་ཟེར་བའི་ བསམ་འཆར་ཚུ་ཡང་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ རང་གི་སྒོ་ནོར་སེམས་ཅན་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ ཚར་ཅིག་ཡང་ རྒུད་འཐུས་མ་ལེན་མི་ཚུ་ལུ་ཡང་ ངལ་རངས་ཀྱི་གསོལ་རས་ཚུ་ སྤྲོད་ནི་ཨིནམ་ལས་ དེ་གིས་ གཡུས་མི་གཞན་ཚུ་ཡང་ རང་སོའི་སྒོ་ནོར་སེམས་ཅན་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་ཟེར་ རང་བཞིན་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ལམ་ལུགས་དེ་ སྤྱི་ལོ་༢༠༡༠ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ ས་ཁོངས་༡༠ དེ་ཅིག་ནང་ གཞི་བཙུགས་འབད་ཡོདཔ་ད་ དེ་ཚུའི་གྲས་ཁར་ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་དང་ ཀྲོང་གསར་ ནུབ་སྦིས་རྒེད་འོག་ དེ་ལས་ བསམ་རྩེ་ སིབ་སུ་རྒེད་འོག་ཚུ་ ཚུདཔ་ཨིན་པས།
ཨིན་རུང་ ལམ་ལུགས་དེ་གི་ཐོག་ལས་ རྒུད་འཐུས་སྤྲོད་ནི་ཚུ་ འཕྲལ་མགྱོགས་ར་ འགོ་བཙུགས་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ དུས་ཚོད་དུམ་གྲ་ཅིག་ འགོར་ནི་ཨིནམ་ད་ དེ་བཟུམ་མའི་ ལམ་ལུགས་འགོ་བཙུགས་མི་དེ་ མི་སེར་ཚུ་ལུ་ འགན་ཁུར་བགོ་བཤའ་རྐྱབ་སྟེ་ སྤྲོད་དོ་བཟུམ་ཅིག་ཡང་ཨིན་ཟེར་ བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།
ལམ་ལུགས་དེ་ འགོ་བཙུགས་པའི་སྐབས་ལུ་ ཧེ་མ་ར་ ད་རེས་ ཉམས་ནིའི་ཉེན་ཁ་ཡོད་པའི་ རི་དྭགས་སེམས་ཅན་ དཔེ་འབད་བ་ཅིན་ གཅན་གཟན་སྟག་དང་ དོམ་ དེ་ལས་ གཟིག་དང་ གླངམོ་ཆེ་ཚུ་གིས་ གནོད་བཀལ་མི་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
བསམ་རྩེ་རྫོང་ཁག་ སིབ་སུ་བཟུམ་ཅིག་ནང་འབད་བ་ཅིན་ ཕྱི་རུ་ཁམས་ཅིག་ལས་ གླངམོ་ཆེ་ཚུ་ སྡེ་ཚན་སྦེ་ འགྱོ་སར་མཐོང་དོ་ཡོདཔ་ལས་ ཤུལ་ལས་ས་ཁོངས་དེ་ ལྟ་བཤལ་པའི་ས་ཁོངས་སྦེ་ བཟོ་ནིའི་འཆར་གཞི་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
བསམ་རྩེ་རྫོང་ཁག་ སིབ་སུ་རྒེད་འོག་གི་རྒཔོ་ ནཱན་དུ་ རཱཇི་ གི་རི་གིས་ སླབ་མའི་ནང་ ཁོ་གི་རྒེད་འོག་གི་ རང་བཞིན་སྲུང་སྐྱོབ་ཚོགས་པའི་ནང་ ད་ལྟོ་ཚུན་ འཐུས་མི་༡༠ དེ་ཅིག་གིས་ འཛུལ་ཞུགས་འབད་དེ་ཡོདཔ་ད་ ཤུལ་མའི་ཟླཝ་ནང་ གྲོང་གསེབ་ཁྲལ་བསྡུ་བའི་སྐབས་ མི་སེར་གཞན་ཚུ་གིས་ཡང་ ཡོངས་རྫོགས་སྦེ་ར་ འཐུས་མི་སྦེ་འཛུལ་ནི་ཟེར་ སླབ་སྟེ་ཡོད་ཟེར་ཨིན་པས།
ཚོགས་པ་དེ་ནང་ ལོ་ཐོག་དང་ སྡོད་ཁྱིམ་གྱི་ཉེན་བཅོལ་ཚུ་ གཞི་བཙུགས་འབད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment