གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་བསྟར་བཞིན་དུ་ ཁྲིམས་འགལ་སྙན་ཞུ་ ཡར་སེང་འགྱོ་བའི་མངོན་གསལ།

༡/༡༠/༢༠༡༢     ༉ རྒྱལ་ཡོངས་གནས་སྡུད་ལས་ཁང་གི་ སྤྱི་ལོ་༢༠༡༡ ཅན་མའི་ གནས་སྡུད་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཁྲིམས་འགལ་གྱི་ གནད་དོན་ཚུ་ སྤྱི་ལོ་༢༠༠༨ ལས་༢༠༡༠ ཚུན་ ཡར་སེང་སྦོམ་སྦེ་ར་ སོང་ནུག་ཟེར་ཨིན་པས།


སྙན་ཞུ་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ ཁྲིམས་འགལ་གྱི་སྙན་ཞུ་ཚུ་ ཡར་སེང་འགྱོཝ་དང་བསྟུན་ མི་སྡེའི་ནང་ ཧེ་མ་དང་ཕྱདཔ་ད་ བྱ་སྟབས་མ་བདེ་བའི་ འབྲེལ་དོན་ཚུ་ནང་ དོ་འགྲན་བྱུངམ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༠༧ ལུ་ ཁྲིམས་འགལ་དང་འབྲེལ་བའི་སྙན་ཞུ་༢,༣༧༡ ཐོ་བཀོད་འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༠༨ ལུ་ སྙན་ཞུ་,༣༦༠ ཐོ་བཀོད་འབད་མི་དེ་ དུམ་གྲ་ཅིག་ མར་བབས་སོང་ཡོད་རུང་ སྤྱི་ལོ་༢༠༠༩ ལུ་ སྙན་ཞུ་༢,༨༤༠ ལུ་ ཡར་སེང་སོང་ཡོད་པའི་ཁར་ སྤྱི་ལོ་༢༠༡༠ ལུ་ ཁྲིམས་འགལ་སྙན་ཞུ་༤,༡༩༩ ཐོ་བཀོད་འབད་ཡོདཔ་ལས་ ལྷག་པར་དུ་ ཡར་སེང་སོང་ཡོད་པའི་ ཐོ་བཀོད་འབད་ནུག།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་གནས་སྟངས་དེ་ གཙོ་བོ་ར་ ན་གཞོན་ཚུ་དང་འབྲེལ་བའི་གནད་དོན་ཚུ་ མང་སུ་འོང་དོ་ཡོདཔ་སྦེ་ཨིན་པས།
བྱ་ངན་གྱི་ སྙན་ཞུ་ཚུ་གི་ནང་ལས་ མཐོ་ཤོས་ར་ བརྡུང་རྫོབ་དང་ འཐབ་འཛིང་གྱི་ གནད་དོན་དང་འབྲེལ་བའི་ སྙན་ཞུ་ཚུ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༠༨ ལུ་ སྙན་ཞུ་༤༤༠ ཐོ་བཀོད་འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༠༩ ལུ་༥༦༥ དང་ སྤྱི་ལོ་༢༠༡༠ ལུ་ རྒོལ་འཛིང་དང་ བརྡུང་རྫོབ་ཀྱི་སྙན་ཞུ་ ལོག་ལྟབ་ཀྱིས་ ཡར་སེང་ཐོག་ སྙན་ཞུ་ཐོ་བཀོད་༡,༢༠༢ ལྷོད་ཡོད་པའི་ གསལ་བཀོད་འབད་ནུག།
དེ་ལས་ འབྲུག་ལུ་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་བའི་ གནས་སྟངས་དང་བསྟུན་ སྣུམ་འཁོར་དང་འབྲེལ་བའི་ ཁྲིམས་འགལ་གནས་སྟངས་ཀྱི་ སྙན་ཞུའི་གྱངས་ཁ་དེ་ སྤྱི་ལོ་༢༠༠༨ ལུ་༣༥༧ དང་ སྤྱི་ལོ་༢༠༠༩ ལུ་༣༧༥ དེ་ལས་ སྤྱི་ལོ་༢༠༡༠ ལུ་༧༣༠ ལུ་ཡར་སེང་ སོང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ལུས་འབྲེལ་དང་འབྲེལ་བའི་ བྱ་ངན་གྱི་སྙན་ཞུའི་ཐོ་བཀོད་དེ་ཡང་ འདས་པའི་ལོ་ངོ་༣ གྱི་རིང་ ཡར་སེང་ཐོག་གནས་ཡོད་པའི་ གསལ་སྟོན་འབད་ཡོདཔ་ད་ སྤྱི་ལོ་༢༠༠༨ ལུ་ ལུས་འབྲེལ་གྱི་བྱ་ངན་ སྙན་ཞུ་ཐོ་བཀོད་༣༥ ཡོད་མི་ལས་ སྤྱི་ལོ་༢༠༠༩ ལུ་ སྙན་ཞུ་ཐོ་བཀོད་༥༠ དང་༢༠༡༠ ལུ་ ལུས་འབྲེལ་དང་འབྲེལ་བའི་ ཁྲིམས་འགལ་གྱི་སྙན་ཞུ་ཐོ་བཀོད་༦༣ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།
གནས་སྡུད་ལས་ཁང་གིས་ ཁྲིམས་འགལ་གྱི་སྙན་ཞུའི་གནས་སྡུད་ཚུ་ ཁྲིམས་སྲུང་འགག་པའི་ནང་ ཚུལ་མིན་བྱ་ངན་དང་འབྲེལ་བའི་ གནད་དོན་ཚུ་ སྙན་ཞུ་འབད་དེ་ ཐོ་བཀོད་ཡོད་མི་ཚུ་ལུ་ གཞི་བཀག་ཐོག་ བསྡུ་བསྒྲིགས་འབད་ཡོདཔ་ད་ སྙན་ཞུ་དེ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༧ ལུ་ ཁྲིམས་འགལ་བྱ་ངན་གྱི་ སྙན་ཞུ་ཡོངས་བསྡོམས་༢,༣༧༡ བྱུང་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༠ ལུ་ ཁྲིམས་འགལ་བྱ་ངན་གྱི་ སྙན་ཞུ་ཡོངས་བསྡོམས་༤,༡༩༩ ལུ་ ཡར་སེང་སོང་ནུག་ཟེར་ ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment