གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱབ་ཁུངས་མ་ཤེས་རུང་ མི་ཚུ་གིས་ གྲུབ་ཆུ་ཨིན་པའི་དད་པ་བསྐྱེད་དེ་ འཐུང་དོ་ཡོདཔ།

༡/༡༠/༢༠༡༢     ༉ སྤ་རོའི་ལས་སྡེ་ཅིག་ནང་ལཱ་འབད་མི་ འཕྲིན་ལས་རྡོ་རྗེ་གིས་ ཐིམ་ཕུ་ལས་ སྤ་རོ་ལུ་འགྱོ་བའི་སྐབས་ ཁོ་རའི་སྣུམ་འཁོར་ཀཱར་དེ་ ལམ་གྱི་ཟུར་ཁར་ བཀག་ཞིནམ་ལས་ ཁོ་ར་ སྣུམ་འཁོར་ནང་ལས་ཐོན་ཏེ་ གྲུབ་ཆུ་ཡོད་སའི་ཁ་ཐུག་ལུ་ འགྱོཝ་ཨིན་པས།
རྒྱབ་ཁུངས་གསལ་ཏོག་ཏོ་ཅིག་མེད་པའི་ རྟ་མཆོག་གྲུབ་ཆུ།

ལམ་འགྲུལཔ་ཚུ་གིས་ གྱིབ་དམ་ནང་ གྲུབ་ཆུ་བཟེད་འབག་པའི་བསྒང་།

ཁོ་གིས་ ཧེ་མ་ར་ གྲུབ་ཆུ་གིས་ ལགཔ་དང་ གདོང་ཆུ་འཁྱུ་བའི་ཤུལ་ལུ་ གྲུབ་ཆུ་དེ་ཚར་༣ འཐུང་ཞིནམ་ལས་ མགུ་ཏོ་ཁར་བླུགས་ཐོག་ལས་ སྣུམ་འཁོར་ནང་འཛུལ་ཏེ་ སྤ་རོ་ལུ་ འགྱོཝ་ཨིན་པས།
འཕྲིན་ལས་རྡོ་རྗེ་གིས་ ཁོ་རའི་ གདོང་འཕྱགས་ཅི་ར་ ཀུན་གསལ་ལུ་སླབ་མིའི་ནང་ ཁོ་ར་ སྤ་རོ་དང་ ཐིམ་ཕུའི་བར་ན་ འཕྲལ་འཕྲལ་སྦེ་ར་ འགྲོ་འགྲུལ་འབད་དོ་ཟེར་ཨིནམ་ད་ གནམ་ནུབ་མོ་འབད་རུང་ གྲུབ་ཆུ་དེ་ཁར་ལྷོདཔ་ད་ སྣུམ་འཁོར་བཀག་ཞིནམ་ལས་ ཁ་ལག་འཁྱུཝ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གྲུབ་ཆུ་དེ་ གནམ་དགུན་ ས་གནས་གཞན་ཁའི་ཆུ་ཚུ་ ཁོལ་སི་སི་ཐལ་ཏེ་ འཐུང་མ་ཚུགས་པའི་སྐབས་ལུ་ གྲུབ་ཆུ་དེ་ དྲོད་ལྡན་སྦེ་ འབབ་ནི་འདུག་ཟེར་ཨིནམ་ད་ གནམ་བྱཱར་གྱི་སྐབས་ལུ་འབད་བ་ཅིན་ བསིལ་ཏོང་ཏོ་སྦེ་ སྡོད་དོ་ཡོདཔ་ལས་ ཡ་མཚན་ཆེ་ཏོག་ཏོ་ཅིག་ ཨིན་མས་ཟེར་བཤད་ཅི།
ཨིན་རུང་ གྲུབ་ཆུ་དེ་གི་ རྒྱབ་ཁུངས་ཚུ་ ག་ཅི་ཡང་ མི་ཤེས་ཟེར་ཨིནམ་ད་ ཁོ་གིས་ གོ་དོ་བཟུམ་འབད་བ་ཅིན་ མི་ལ་ལུ་ཅིག་གིས་ གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་གྲུབ་ཆུ་དང་ ལ་ལུ་ཅིག་གིས་ ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་ གྲུབ་ཆུ་ཨིན་ཟེར་ཡང་ སླབ་ནི་འདུག་ཟེར་ འཕྲིན་ལས་རྡོ་རྗེ་གིས་ སླབ་ཨིན་པས།
གཞན་འབད་བ་ཅིན་ མི་སེར་དད་ཅན་ཚུ་གིས་ ཧ་གོ་ནིའི་དོན་ལུ་ བརྡ་བྱང་ཅིག་གུ་ གྲུབ་ཆུ་དེ་གི་རྒྱབ་ཁུངས་ཚུ་ མདོར་བསྡུས་ཅིག་སྦེ་ གསལ་བཀོད་འབད་བཞག་པ་ཅིན་ ག་ནི་བ་ལེགས་ཤོམ་ འོང་ནི་མས་ཟེར་ ཁོ་གིས་སླབ་ཅི།
རྟ་མཆོག་གྲུབ་ཆུ་དེ་ ཐིམ་ཕུ་ལས་ སྤ་རོའི་ལམ་ཁར་ ཆུ་འཛོམས་བརྒལ་ཏེ་ ཀི་ལོ་མི་ཊར་ དག་པ་ཅིག་ནང་ལྷོད་པའི་སྐབས་ སྣུམ་འཁོར་ལམ་གྱི་ གཡོན་ཁ་ཐུག་ལུ་ཡོདཔ་ད་ དེ་ནང་ གཞུང་ལམ་བདའ་སྟེ་ འགྲུལ་སྐྱོད་འབད་མི་ཚུ་གིས་ གྲུབ་ཆུ་དེ་འཐུང་སྟེ་ འགྱོ་དོ་ཡོདཔ་ཨིན་པས།
གྲུབ་ཆུ་དེ་ རྩི་ས་གིས་ བཟོ་བཀོད་འབད་བའི་ གྱང་རྩིག་ཅིག་གི་སྦུག་ལུ་ ལྕགས་དུང་ཅིག་ནང་ལས་སྦེ་ བཏོན་ཏེ་ཡོདཔ་ད་ དེ་གི་གཡས་དང་གཡོན་ལུ་ མ་ནི་ལག་འཁོར་༢ ཡང་བཙུགས་ཏེ་ ཡོདཔ་ཨིན་པས།
གྲུབ་ཆུ་དེ་ཁར་བསྒུག་ཏེ་ གྲུབ་ཆུ་འཐུང་མི་ འགྲུལ་པ་གཞན་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གྲུབ་ཆུ་དེ་ འཐུང་པའི་སྐབས་ ནད་གཞི་ཨཱལ་སར་དང་ མགུ་ནད་ལ་སོགས་པའི་ གཞན་ཡང་ ནད་གཞི་ལེ་ཤ་ཅིག་ར་ དྲག་དོ་ཡོདཔ་སྦེ་ སླབ་ཨིན་རུང་ གཙོ་བོ་ར་ རང་གི་དད་པ་དང་འཁྲིལ་ཏེ་ འགྱོ་དོ་འོང་ཟེར་ཨིན་པས།
རེ་ཚེ་སྐབས་ ཁོ་ར་ སྣུམ་འཁོར་བཏང་འོངམ་ད་ མགུ་ཏོ་རེ་ན་རུང་ གྲུབ་ཆུ་དེ་འཐུང་ཞིནམ་ལས་ མགུ་ཏོ་འཁྱུ་བའི་སྐབས་ ཧིང་སངས་ས་སྦེ་ དྲག་ནི་འདུག་ཟེར་ཨིནམ་ད་ གྲུབ་ཆུ་དེ་གི་ གཡོན་ཁ་ཐུག་ལུ་ ས་ཁོངས་དེ་ནང་ སྣུམ་འཁོར་ཆུ་འཁྱུ་ནི་དང་ ཆབ་གསང་གཏང་ནི་ཚུ་ མི་ཆོག་ཟེར་བའི་ བརྡ་བྱང་ཅིག་ཡང་ བཙུགས་ཏེ་འདུག།
འཐུང་ཆུའི་དམ་སྦྱིས་ཅིག་ནང་ གྲུབ་ཆུ་བཟེད་འབག་མི་ གླ་འཁོར་དེད་གཡོགཔ་ ཉི་མ་གིས་འབད་བ་ཅིན་ ཁོ་ར་ ཕར་ཚུར་འགྲོ་འགྲུལ་འབད་བའི་སྐབས་ གྲུབ་ཆུ་དམ་སྦྱིས་རེ་ ཨ་རྟག་ར་ བཟེད་འབག་འགྱོཝ་ཨིན་ཟེར་ཨིནམ་ད་ ཁོ་གི་ གླ་འཁོར་ནང་འགྱོ་མི་ འགྲུལ་པ་ལ་ལུ་ཅིག་གིས་ གྲུབ་ཆུ་དེ་གི་སྐོར་ལས་ ཧ་མི་གོ་དོ་ཡོདཔ་ལས་ ཁོ་གིས་ སླབ་བྱིནམ་ཨིན་ཟེར་ཨིན་པས།
མ་གཞི་ མི་མང་ཤོས་ཅིག་གིས་ར་ གྲུབ་ཆུ་དེ་གི་རྒྱབ་ཁུངས་ཚུ་ མ་ཤེས་རུང་ འགྲོ་འགྲུལ་འཐབ་པའི་སྐབས་ རང་སོའི་ཁྱིམ་ནང་ འཐུང་ནིའི་དོན་ལུ་ གྱིབ་དམ་སྦོམ་ཚུ་ འབག་འོང་སྟེ་ གྲུབ་ཆུ་བཟེད་འབག་འགྱོ་བའི་ མཐོང་གསལ་ཡང་ བྱུངམ་ཨིན་པས།
ཨིན་རུང་ ས་གནས་ཀྱི་ མི་ལ་ལུ་ཅིག་ལུ་ གྲུབ་ཆུ་དེ་གི་སྐོར་ལས་ དྲི་དཔྱད་འབད་བའི་སྐབས་ གྲུབ་ཆུ་དེ་གི་དོན་ལུ་ རྒྱབ་ཁུངས་དང་ རྣམ་ཐར་འདྲཝ་ ག་ཅི་ཡང་མེདཔ་ལས་ གསལ་རིལ་རིལ་ཅིག་སྦེ་ སླབ་མི་ཤེས་པས་ཟེར་ཨིན་པས།
སྤ་རོ་ལས་ ཕོ་སྐྱེས་ཅིག་གིས་འབད་བ་ཅིན་ མི་ལ་ལུ་ཅིག་གིས་ གྲུབ་ཆུ་དེ་ ས་གནས་དེ་གི་ལྟག་ལུ་ཡོད་པའི་ དབང་འདུས་གནས་ཀྱི་ གྲུབ་ཆུ་ཨིན་ཟེར་ཡང་ སླབ་དོ་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ དབང་འདུས་གནས་དང་ གྲུབ་ཆུའི་བར་ན་ཡོད་པའི་ གཡུས་ཚན་ཅིག་གི་ འཛགས་ཆུ་ཨིན་ཟེར་ཡང་ སླབ་ནི་འདུག་ཟེར་ཨིན་པས།
རྡོ་སྒར་རྒཔོ་ ལྷབ་ཚེ་རིང་གིས་འབད་བ་ཅིན་ གཡུས་མི་རྒན་རྒས་ཚུ་གིས་ ཆུ་དེ་ གྲུབ་ཆུ་ཨིན་ཟེར་ སླབ་སར་གོ་ཡོདཔ་མ་གཏོགས་ དེ་གི་ཁུངས་དང་ དགོས་པ་ཚུ་གི་སྐོར་ལས་ མི་ཤེས་ཟེར་ཨིན་པས།
མི་ལ་ལུ་ཅིག་གིས་ རྟ་མཆོག་གྲུབ་ཆུ་ ངོ་མ་དེ་ ད་རེས་ རྟ་མཆོག་ལྷ་ཁང་གི་ གདོང་སྐོར་ལུ་ཡོད་པའི་ བྱག་ཅིག་ལས་མར་ཐོན་མི་ ཆུ་ཆུང་ཀུ་ཅིག་ཡོད་མི་དེ་ ཨིན་ཟེར་སླབ་དོ་ཡོདཔ་ཨིན་རུང་ ཡོངས་གྲགས་ལུ་ གྲུབ་ཆུ་དེ་ ད་རེས་ཀྱི་ ས་ཁོངས་ནང་ཡོད་མི་དེ་ར་ཨིནམ་སྦེ་ བརྩི་འཇོག་འབདཝ་མས་ཟེར་ སླབ་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment