གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་བཀའ་དམ་དགོན་པའི་ཚེས་བཅུ་ གྲོལ་ཡོདཔ།

༡/༡༠/༢༠༡༢   ༉ མོང་སྒར་ བཀའ་དམ་དགོན་པ་ལུ་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ ལོ་བསྟར་ཚེས་བཅུ་དེ་ ཁ་ཙ་ མི་མང་ལུ་ གུ་རུ་མཚན་བརྒྱད་ཀྱི་ དབང་གནང་ཐོག་ལས་ གྲོལ་ཡི།

གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་ཐོན་པའི་བསྒང་།
ཚེས་བཅུ་མཇལ་མི་ཚུ་ གུ་རུའི་ཕྱག་དབང་ཞུ་བའི་བསྒང་།

བཀའ་དམ་དགོན་པ་ལུ་ ལོ་བསྟར་ཚེས་བཅུ་བཟུང་ནི་གི་སྲོལ་དེ་ཡང་ ན་ཧིང་ལས་ཚུར་ བཀའ་དམ་དགོན་པའི་ བླམ་ ཀརྨ་དབང་འདུས་ཀྱིས་ འགོ་བཙུགས་ཡོདཔ་ད་ ཚེས་བཅུ་དེ་ཡང་ ལུང་ཕྱོགས་གཞན་དང་མ་འདྲ་བའི་ སྐུ་འཆམ་ཚུ་ མཇལ་ཁ་གནང་དོ་ཡོདཔ་མ་ཚད་ བདུད་འཇོམས་གཏེར་འཆམ་གྱི་ སྐུ་འཆམ་ཚུ་ཡང་ མཇལ་ཁ་གནང་དོ་ཡོདཔ་ཨིན་པས།
དེ་ཡང་ ཉིནམ་དང་པའི་ནང་ བེེ་ཙརྱའི་སྐུ་འཆམ་དང་ ས་འདུལ་གྲོ་ལོད་ཀྱི་འཆམ་ ཁྲོ་བོ་བཅུ་མཚམས་གཅོད་འཆམ་ བྱིན་འབེབས་འཆམ་ ལིང་ཁྱེར་འཆམ་ ཚོགས་གླིང་འཆམ་ འབྲོང་གི་འཆམ་ ཞྭ་ནག་རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་ད་ ཉིནམ་༢ པའི་ནང་ དཔའ་བོ་ ཉི་ལོག་གི་འཆམ་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་ འབྲོང་གི་གར་འཆམ་ གིང་གསར་འཆམ་ དུར་བདག་འཆམ་ སྨིན་གླིང་ཞྭ་ནག་གི་འཆམ་ལ་སོགས་པའི་ སྐུ་འཆམ་གཞན་ཡང་ ལེ་ཤ་ཅིག་ར་ མི་མང་ལུ་ མཇལ་ཁ་གནང་ཡི།
བཀའ་དམ་དགོན་པ་དེ་ སྐལ་ལྡན་ལས་འཕྲོ་ཅན་ཚུ་གི་དོན་ལུ་ སངས་རྒྱས་ཀྱི་བསྟན་པ་ འཛིན་སྐྱོང་སྤེལ་གསུམ་ལུ་བརྩོན་ཏེ་ ཐར་པའི་ཞིང་ཕྱོགས་ཀྱི་ལམ་སྒྲུབ་ས་དང་ སྒོམ་ཉམས་ལེན་གནང་སའི་ དགོན་པ་ མཆོག་ཏུ་འགྱུར་པ་ཅིག་ཨིནམ་མ་ཚད་ འཇིག་རྟེན་ཕལ་པ་ཚུ་གིས་ཡང་ དགོན་པ་དེ་ཁར་འོང་སྟེ་ མ་ཎི་བགྱང་སའི་ ས་ཁོངས་ངོ་མ་ཅིག་ལུ་ གྱུར་ཡོདཔ་ཨིན།
དེ་བཟུམ་གྱི་དགོན་པ་རྩ་ཅན་དེ་ཁར་ ཚེས་བཅུའི་ལས་རིམ་ འགོ་བཙུགས་གནང་དགོ་མི་དེ་ཡང་ སྤྱིར་འཇིག་རྟེན་གྱི་ཁམས་དེ་ནང་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ མི་མཉམ་གོང་འཕེལ་གཏང་ཐབས་ལུ་དང་ སྒོས་སུ་ ང་བཅས་ར་ སྐྱེ་འགྲོ་ཡོངས་ ཐར་པའི་ལམ་སྣ་འདྲེན་པའི་དོན་ལུ་དམིགས་ཏེ་ཨིན་པས།
བཀའ་དམ་དགོན་པའི་མཁན་པོ་ བཀྲིས་ཆོས་འཕེལ་གྱིས་ ཀུན་གསལ་ལུ་ བཤད་མིའི་ནང་ ཐོས་གྲོལ་ བཏགས་གྲོལ་ མཐོང་གྲོལ་ཚུ་གི་གྲས་ལས་ ཚེས་བཅུའི་ལས་རིམ་དེ་ མཐོང་གྲོལ་གྱི་གྲས་ཁར་ ཚུདཔ་ཨིན་ཟེར་ཨིན་པས།
ཚེས་བཅུ་དེ་ མཇལཝ་ཙམ་གྱིས་ ངན་སོང་གསུམ་གྱི་ སྡུག་བསྔལ་ལས་གྲོལ་ཏེ་ གནས་སྐབས་ལྷ་དང་མིའི་གོ་འཕང་དང་ མཐར་ཐུག་བརྟན་གྱི་བདེ་བ་ སངས་རྒྱས་ཀྱི་ ཞིང་ཁམས་ཐོབ་ཚུགས་པའི་ནུས་པ་ བསམ་གྱིས་མི་ཁྱབ་པར་ཡོདཔ་ལས་ ན་ཧིང་ལས་ ལོ་བསྟར་གྱི་ཚེས་བཅུ་སྦེ་ འགོ་བཙུགས་ཅི་ཟེར་ཨིན་པས།
ཚེས་བཅུ་མཇལ་བར་འོང་མི་ མོང་སྒར་རྫོང་ཁག་གི་ མི་སེར་དང་ སློབ་ཕྲུག་ཚུ་ སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ད་ སྐྱེས་ལོ་༤༧ ལང་མི་ ཚེ་དབང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཁོ་རའི་མི་ཚེ་ནང་ མོང་སྒར་གྱི་ཚེས་བཅུ་དང་ ལྷ་ཁང་ གཞན་ཁར་གནང་སྲོལ་ཡོད་པའི་ ཚེས་བཅུ་ཚུ་ མཇལ་ཁ་ཞུ་ནིའི་གོ་སྐབས་ཐོབ་ཡོད་རུང་ བཀའ་དམ་ལུ་གནང་མི་ ཚེས་བཅུའི་སྐུ་འཆམ་བཟུམ་ མ་མཇལ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འདི་བཟུམ་གྱི་ སྐུ་འཆམ་ཚུ་ རྫོང་གཞིས་དང་ ལྷ་ཁང་གཞན་ཚུ་ནང་གནང་ནི་མེདཔ་ལས་ མི་སེར་ཚུ་ལུ་ སྤྲོ་བ་དང་ དད་པ་སྦོམ་བསྐྱེད་ཚུགས་པའི་ གཞི་གནས་ཅིག་ཨིནམ་ལས་ དུས་ཅི་ དེ་བཟུམ་གྱི་ གར་འཆམ་མ་འདྲཝ་ཚུ་ མཇལ་ནིའི་གོ་སྐབས་ཐོབ་མི་གིས་ སྐལ་བ་བཟང་ཡི་ཟེར་ཨིན་པས།
ཚེས་བཅུ་མཇལ་བར་འཛོམས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྐུ་འཆམ་ཚུ་ ལུང་ཕྱོགས་ག་ཏེ་ཡང་ གནང་སྲོལ་མེད་མི་ཅིག་ཨིནམ་ལས་ ག་ཅི་དེ་ཧ་ལས་སི་སི་དང་ དད་པ་བསྐྱེད་ཚུགས་པའི་ སྐུ་འཆམ་ཨིན་མས་ཟེར་བཤད་ཅི།
ཚེས་བཅུའི་སྐབས་ལུ་ སྐུ་འཆམ་ཚུ་ཡང་ བཀའ་དམ་ལུ་བཞུགས་མི་ མཚམས་པ་ཚུ་གིས་ གནང་ཡོདཔ་ད་ ཚེས་བཅུའི་སྐབས་ལུ་ དད་ཅན་སྦྱིན་བདག་ཚུ་གིས་ རང་སོའི་ཚོགས་བསགས་ སྒྲིབ་སྦྱང་གི་དོན་ལུ་ ལྟདམོ་བལྟ་བར་འོང་མི་ཚུ་ལུ་ གསོལ་ཚོགས་ཚུ་དྲངས་ཡོདཔ་ད་ སྦྱིན་བདག་ཚུ་གིས་འབད་བ་ཅིན་ བཀའ་དམ་ཚེས་བཅུ་དེ་ ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ གནས་ཚུགས་པའི་ རེ་སྨོན་ཡོད་ཟེར་ཨིན་པས།
མོང་སྒར་ བཀའ་དམ་དགོན་པའི་ ཚེས་བཅུ་དེ་ བཀའ་དམ་མཚམས་པ་ཚུ་གིས་སྦེ་ འགོ་འདྲེན་འཐབ་ཐོག་ལས་ གནང་ཡོདཔ་ཨིན་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment