གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏམ་ཁུའི་ཐོན་སྐྱེད་འབག་འོང་མི་༢ ལུ་ བཙོན་ཁྲིམས་ལོ་༡ ལས་༣ ལྷགཔ་ཅིག་བཀལ་ཡོདཔ།

༡༡/༨/༢༠༡༢   ༉ ཆུ་ཁ་ཁྲིམས་ཀྱི་འདུན་ས་ལས་ ཉེས་འཛུགས་ཅན་ རིག་འཛིན་ལྷུན་གྲུབ་དང་ ཉེས་འབྲེལ་པ་སྟོབས་རྒྱས་༢ ཀྱིས་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཚུ་ འབག་ཆོག་པའི་ཚད་གཞི་ལས་ བཞི་ལྟབ་ཀྱིས་ལྷག་སྟེ་ ནག་ཚོང་འཐབ་ནིའི་དོན་ལུ་ འབག་འོང་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡ དང་ཟླཝ་༧ ལས་ ལོ་༣ དང་ཟླཝ་༧ ཚུན་བཀལ་ཡོདཔ་ཨིན་པས།


དེ་ཡང་ ཆུ་ཁ་ཁྲིམས་ཀྱི་འདུན་ས་ལས་ གནང་མི་འཁྲུན་ཆོད་དང་འཁྲིལཝ་ད་ སྤྱི་ཟླ་༣ པའི་ཚེས་༣ ལུ་ ཉེས་འཛུགས་ཅན་ རིག་འཛིན་ལྷུན་གྲུབ་ཀྱིས་ ཕུན་ཚོགས་གླིང་གི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ ཏམ་ཁུ་ཤོག་སྒམ་༣༠༠ དང་ ཏམ་ཁུ་ བཱ་བཱ་ཁའི་ནི་ གཱ་རམ་༣༦,༧༢༠ འབག་འོང་བའི་སྐབས་ རྟ་ནག་ལུངམ་གི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཏམ་ཁུ་དང་ ཏམ་ཁུའི་ཐོན་སྐྱེད་ཀྱི་རིགས་ཚུ་ ཚད་འཛིན་གཱ་རམ་༢༥༠ འབག་ཆོགཔ་སྦེ་ བཟོ་ཡོད་རུང་ ཉེས་འཛུགས་ཅན་གྱིས་ དངུལ་ཀྲམ་༡༠,༣༧༠ སྤྲོད་དེ་ ཚད་གཞི་ལས་ལྷག་པའི་ ཏམ་ཁུ་འཆང་སྤྱོད་འབད་མི་ལུ་བརྟེན་ འབྲུག་གི་ ཏམ་ཁུ་དམ་འཛིན་འཕྲི་སྣོན་བཅའ་ཁྲིམས་༢༠༡༢ ཅན་མའི་ དགོངས་དོན་ལས་ འགལ་ཡོདཔ་ཨིན་པས།
ཉེས་འབྲེལ་པ་ སྟོབས་རྒྱས་ཀྱིས་ ཁྲིམས་སྲུང་འགག་སྡེ་དང་ ཁྲིམས་སར་ཕུལ་བའི་ངག་བརྗོད་དང་ འགལ་ལན་ཕུལ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ཟླ་༣ པའི་ཚེས་༣ ལུ་ ཁོ་ར་ ཇའི་སྒང་ལུ་ སྣུམ་འཁོར་བཅོ་སྡོད་པའི་སྐབས་ ཉེས་འཛུགས་ཅན་དང་ཕྱད་དེ་ ཁོ་གིས་ ཏམ་ཁུ་འབག་ནི་ལུ་ ཆ་རོགས་འབད་གནང་ཟེར་ སླབ་ལས་ ཁོ་གིས་ ཁ་བཟེད་ཡི་ཟེར་ཨིན་པས།
དེ་ཡང་ ཆ་རོགས་ངོ་ཤེསཔ་ཨིན་མི་ལུ་བརྟེན་ སེམས་བསད་མ་ནུམ་པར་ སྐྱེལ་བར་འོང་ཡོད་རུང་ སྐྱེལ་འདྲེན་འཐུས་ཚུ་ ལེན་ལེནམ་ མེད་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ ཏམ་ཁུ་དང་འབྲེལ་བའི་ཐོན་སྐྱེད་ཚུ་ དམ་འཛིན་འབད་ཡོདཔ་ ཤེས་བཞིན་དུ་ ཆ་རོགས་འབད་ཡོདཔ་ལས་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་ལས་འགལ་ཡོདཔ་ཨིན་པས།
དོགས་ཟོན་ཅན་ རིག་འཛིན་ལྷུན་གྲུབ་ཀྱིས་ ཚོང་འབྲེལ་འཐབ་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ སྤྱིར་བཏང་ཚད་གཞི་ལས་ བཞི་ལྟབ་ལྷག་སྟེ་ ནང་འདྲེན་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༣ དང་ཟླཝ་༧ ཕོག་ཡོདཔ་ད་ ཉེས་འབྲེལ་པ་སྟོབས་རྒྱས་ལུ་ བཙོན་ཁྲིམས་ལོ་༡ དང་ཟླཝ་༨ ཕོག་མིའི་ཚབ་ལུ་ ཁྲིམས་འཐུས་དངུལ་ཀྲམ་༥༩,༡༠༠ བཏབ་དགོ་པའི་ འཁྲུན་ཆོད་གནང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment