གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུ་ན་ཁའི་གློག་མེ་ལས་འགུལ་ དུས་ཅི་ལས་ འགོ་བཙུགས་ཚུགས་པའི་རེ་བ།

༡༡/༨/༢༠༡༢   ༉ ཆུ་ཁ་རྫོང་ཁག་ བུ་ན་ཁ་ གློག་མེ་ལས་འགུལ་གྱི་ ཆུ་མཛོད་རྐྱབ་ནིའི་དོན་ལུ་ ལས་འགུལ་དེ་གི་ ས་ཁོངས་ཀྱི་ འོག་ལས་མར་ ཡོད་པའི་ ཆུ་ཁ་དང་ དར་ལ་ དེ་ལས་ ཝང་ཆུ་གློག་མེ་ལས་འགུལ་ཚུ་གིས་ བགོ་བཤའ་བཙུགས་ནི་ཨིནམ་ལས་ ལཱ་དེ་ དུས་ཅི་ར་ འགོ་བཙུགས་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།


དེ་སྦེ་ བགོ་བཤའ་བཙུགས་དགོ་མི་དེ་ཡང་ ཆུ་མཛོད་དེ་ནང་ ཆུ་ཚུ་ གསོག་འཇོག་འབད་ཐོག་ལས་ གནམ་དགུན་ ཆར་ཆུ་ཉུང་བའི་སྐབས་ལུ་ བུ་ན་ཁ་ལས་འགུལ་གྱིས་མ་ཚད་ གློག་མེ་ལས་འགུལ་ གཞན་ཚུ་གིས་ཡང་ ཧེ་མ་དང་ཕྱདཔ་ད་ གློག་ཤུགས་ཡར་སེང་ཐོག་ ཐོན་སྐྱེད་འབད་ཚུགས་ནིའི་དོན་ལུ་ཨིན་ཟེར་ བསྟན་རྒྱས་ལྷན་ཁག་འོག་གི་ གློག་མེ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཡེ་ཤེས་དབང་འདུས་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་མེ་འཕྲུལ་ཁང་ གཞན་ཚུ་གིས་ཡང་ ཟད་འགྲོ་བརྒྱ་ཆ་༥༤ གཏང་དགོ་ནི་ཨིན་མི་དེ་ སྤྱིར་བཏང་ འཕྲུལ་ཁང་བཟོ་སྐྲུན་གྱི་དོན་ལུ་ ཟད་འགྲོ་ཡོངས་བསྡོམས་ལས་མེན་པར་ ཞི་བའི་ལཱ་ཚུ་གི་དོན་ལུ་ རྐྱངམ་གཅིག་ཨིན་ཟེར་ཨིན་པས།
དེ་དང་འཁྲིལ་ གློག་མེ་འཕྲུལ་ཁང་དེ་ བཟོ་སྐྲུན་འབད་ཚར་བའི་བསྒང་ལས་ བུ་ན་ཁ་གློག་མེ་འཕྲུལ་ཁང་གིས་ གློག་མེ་བརྒྱ་ཆ་༤༦ ཐོན་སྐྱེད་འབད་ནི་དང་ དེ་གི་འོག་ལས་མར་ཡོད་པའི་ གློག་མེ་འཕྲུལ་ཁང་ཚུ་གིས་ བརྒྱ་ཆ་༥༤ ཐོན་སྐྱེད་ འབད་ཚུགས་ནི་ཨིན་པས།
ཡེ་ཤེས་དབང་འདུས་ཀྱིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ བུ་ན་ཁ་ གློག་མེ་ལས་འགུལ་གྱི་ ལས་འགུལ་སྙན་ཞུ་ཚུ་ བསྐྱར་ཞིབ་དང་ ཉོགས་མེད་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
ལས་འགུལ་གྱི་ སྙན་ཞུ་དེ་ཡང་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཐོབ་ཡོདཔ་ལས་ ད་རེས་ཀྱི་བདུན་ཕྲག་ནང་ར་ རྒྱ་གར་གྱི་ དབུས་ཕྱོགས་གློག་མེ་ལས་སྡེ་ལས་ འཕྲུལ་རིག་གི་ ཉོགས་མེད་གནང་བ་ཚུ་ འཐོབ་ཚུགས་པའི་ རེ་བ་ བསྐྱེད་དོ་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་སྦེ་ གཞན་མི་ གློག་མེ་ལས་འགུལ་ཚུ་ཡང་ དུས་ཅི་ར་ འགོ་བཙུགས་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ ཧེ་མ་བཟོ་ཡོད་པའི་ ཀུ་རི་གོང་རི་ གློག་མེ་ལས་འགུལ་གྱི་ སྔོན་འགྲོའི་སྙན་ཞུ་དེ་ ལས་འགུལ་གྱི་ ས་གནས་ལུ་བརྟེན་ ངོས་ལེན་འབད་མ་ཚུགསཔ་ལས་ ས་ཁོངས་སོར་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ད་རེས་ཀྱི་ ས་ཁོངས་གསརཔ་དེ་ ཀུ་རི་གོང་རི་གཙང་ཆུ་༢ འཛོམས་སའི་ས་ཁོངས་ནང་ ངོས་འཛིན་འབད་ཡོདཔ་ད་ དེ་ལུ་བརྟེན་ གཙང་ཆུ་༢ ཆ་ར་ གསོག་འཇོག་འབད་དེ་ འཕྲུལ་ཁང་གི་ནུས་ཤུགས་ གོང་འཕེལ་གཏང་ཚུགས་པའི་ ཕན་ཁྱད་ཡོདཔ་མ་ཚད་ སྙན་ཞུ་དེ་ཡང་ ད་རུང་ ལོ་ཕྱེད་དང་༢ ཀྱི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་ཟེར་ ཡེ་ཤེས་དབང་འདུས་ཀྱིས་ སླབ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ནང་ སྦོམ་ཤོས་ཅིག་ཨིན་མི་ སཱུན་ཀོཤི་གློག་མེ་ལས་འགུལ་གྱི་ སྙན་ཞུ་ཚུ་ཡང་ ད་རེས་ཀྱི་ ཟླཝ་མཇུག་བསྡུ་ཁམས་ལུ་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ ལས་འགུལ་འགོ་བཙུགས་ནིའི་དོན་ལུ་ གཞི་རྟེན་བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ཆོགཔ་སྦེ་ སླབ་ཡོདཔ་ཨིན་པས།
བུ་ན་ཁ་ གློག་མེ་ལས་འགུལ་དེ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ རྒྱ་གར་གྱི་ ཏེ་རེ་གློག་མེ་གོང་འཕེལ་ལས་འཛིན་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཟོ་སྐྲུན་འབད་ནི་ཨིནམ་ད་ དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ དུར་ཕྱུར་༢༩.༩ གནས་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment