གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཚམས་འཇོག་འབད་བཞག་མི་ ཨུ་ལའི་ཞིང་ལམ་ འཕྲལ་མགྱོགས་ར་ ལོག་བསལ་ནི།

༡༡/༨/༢༠༡༢   ༉ ཟླཝ་༣ ལྷགཔ་ཅིག་གི་རིང་ མཚམས་འཇོག་འབད་བཞག་མི་ དབང་འདུས་ཕོ་བྲང་ ཨུ་ལ་སྤྱི་འོག་གི་ སོ་ནམ་ཞིང་ལམ་བསལ་ནིའི་ལཱ་དེ་ འཕྲལ་མགྱོགས་ར་ ལོག་འགོ་བཙུགས་ཨིན་ནི་ཟེར་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ལམ་སེལ་བའི་སྐབས་ རྡོ་དང་ས་ རག་རོ་ཚུ་ག་ར་ ལམ་འོག་ལས་མར་ བཀོག་བཞག་པའི་མཐོང་སྣང་།


ལམ་སེལ་གྱི་ལཱ་དེ་ འདེམས་ཁོངས་གོང་འཕེལ་མ་དངུལ་གྱི་ཐོག་ལས་བསལ་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ ལྷན་ཐབས་མ་དངུལ་མེད་པར་ ལམ་ཀི་ལོ་མི་ཊར་༡.༥ བསལ་ཚརཝ་ད་ མཚམས་འཇོག་འབད་དགོཔ་ ཐོན་ཡོདཔ་ཨིན་པས།
དེ་ཡང་ དབང་འདུས་ཕོ་བྲང་གི་ སྤྱི་ཚོགས་ཀྱི་འཐུས་མི་ པ་སངས་འཕྲིན་ལས་ཀྱིས་ འདེམས་ཁོངས་གོང་འཕེལ་མ་དངུལ་ལས་ དངུལ་ཀྲམ་འབུམ་༨ དང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱིས་ དངུལ་ཀྲམ་འབུམ་༣ ལྷགཔ་ཅིག་ གྲོགས་རམ་འབད་ཐོག་ལས་ ན་ཧིང་ སྤྱི་༦ པ་ལས་ ལམ་སེལ་ནི་ འགོ་བཙུགས་ཡོད་རུང་ ལམ་ཀི་ལོ་མི་ཊར་ཕྱེད་དང་གཉིས་བསལ་ཚརཝ་ད་ མ་དངུལ་ཡང་ རྫོགས་སོཔ་ཨིན་པས།
ལམ་སེལ་ནི་གི་ ས་རྐོ་འཕྲུལ་ཆས་ཚུ་ སོ་ནམ་ལས་ཁུངས་ཀྱིས་ བྱིན་ཡོདཔ་ད་ གལ་སྲིད་ ས་རྐོ་འཕྲུལ་ཆས་ཚུ་གི་ གླ་འཐུས་ཡང་ འདེམས་ཁོངས་གོང་འཕེལ་མ་དངུལ་གྱི་ཐོག་ལས་ སྤྲོད་ཡོད་པ་ཅིན་ ལམ་ཀི་ལོ་མི་ཊར་༡.༥ ཡང་ བསལ་མ་ཚུགསཔ་འོང་ཟེར་ ས་གནས་གཞུང་གི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ཨིན་རུང་ ཞིང་ལམ་དེ་ འཕྲོ་མཐུད་སེལ་ནིའི་དོན་ལུ་ གཞུང་གིས་ མ་དངུལ་ས་ཡ་༤ གནང་ཡོདཔ་ལས་ ས་རྐོ་ནི་དང་འབྲེལ་བའི་ལཱ་ཚུ་ འབད་ནི་ལུ་ ཕན་ཁྱད་འབྱུང་ནི་ཨིན་རུང་ གཡུར་བ་བསལ་ནི་དང་ གྱང་རྩིག་ཚུ་ རྐྱབ་པ་ཅིན་ ཟད་འགྲོ་བསྡོམས་ དངུལ་ཀྲམ་ས་ཡ་༡༢ དེ་ཅིག་ གནས་འོང་ཟེར་ རྫོང་ཁག་སོ་དམ་འགོ་དཔོན་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
མ་གཞི་ སྤྱིར་བཏང་འབད་བ་ཅིན་ ཞིང་ལམ་ཀི་ལོ་མི་ཊར་༡ བསལ་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣ གནས་དོ་ཡོདཔ་ལས་ རིང་ཚད་ཀི་ལོ་མི་ཊར་༨.༥ འབད་མི་ ཨུ་ལའི་ཞིང་ལམ་ལུ་ དངུལ་ཀྲམ་ས་ཡ་༢༥.༥ གནས་ནི་ཨིན་པས།
མ་དངུལ་ལངམ་སྦེ་མེད་རུང་ ལམ་དེ་ ཟད་འགྲོ་ཉུང་ཤོས་ཐོག་ལས་ སྤུད་ཚད་དང་ལྡནམ་སྦེ་ བསལ་ནི་ལུ་ གཙོ་བོར་བཏོན་ནི་ཨིན་ རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ སླབ་ཨིན་མས།
ཞིང་ལམ་དེ་ རྒྱ་ལ་དང་ ཨུ་ལ་གཡུས་ཚན་གཉིས་ཀྱི་བར་ན་ལས་བབ་མི་ སྤང་ཟ་རོང་ཆུ་བརྒལཝ་ཅིག་ བྱག་སྦོམ་ཅིག་ནང་ལྷོདཔ་ད་ ཐོགས་ལུས་ཡོདཔ་ད་ དེ་ཁ་ལས་ ལམ་སེལ་བའི་སྐབས་ རྡོ་དང་ས་ རག་རོ་ཚུ་ག་ར་ ལམ་འོག་ལས་མར་ བཀོག་མི་ལུ་བརྟེན་ རྫོང་ཁག་རང་བཞིན་གནས་སྟངས་ཡིག་ཚང་གིས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ རྒེད་འོག་ལུ་ ཉེས་བྱ་དངུལ་ཀྲམ་༢༠,༠༠༠ བཀལ་ཡོདཔ་ཨིན་པས།
རང་བཞིན་གནས་སྟངས་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་འབད་བ་ཅིན་ ལམ་སེལ་གྱི་ལཱ་དེ་ རང་བཞིན་གནས་སྟངས་ཀྱི་ ལམ་ལུགས་དང་འཁྲིལ་ མ་འབད་ནི་དེ་གིས་ ཉེས་བྱ་བཀལ་ཡི་ཟེར་ཨིན་པས།
ས་གནས་དེ་ཁར་ ལམ་འོག་ལས་མར་ རག་རོ་ཚུ་ བཀོག་མི་དེ་གིས་ མི་ཊར་༡༠༠ དེ་ཅིག་ ས་རུད་ཆད་ཡོདཔ་ད་ རྫོང་ཁག་རང་བཞིན་གནས་སྟངས་འགོ་དཔོན་གྱིས་འབད་བ་ཅིན་ ད་ལས་ཕར་ ས་རུད་ཆད་ནི་ བཀག་ཐབས་ལུ་ གྱང་རྩིག་རྐྱབ་དགོཔ་མ་ཚད་ ཤིང་གི་ལྕངམ་ཚུ་ཡང་ བཙུགས་དགོཔ་སྦེ་ རྒེད་འོག་བདག་སྐྱོང་ཡིག་ཚང་ལུ་ ཡི་གུ་བསྐྱལ་ཡི་ཟེར་ཨིན་པས།
རུས་སྦིས་རྒེད་འོག་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཉེས་བྱ་བཏབ་ནིའི་དོན་ལུ་ ད་ལྟོ་ མ་དངུལ་འཚོལ་བའི་བསྒང་ཡོདཔ་ཨིན་རུང་ གཡུས་ཁའི་མི་ཚུ་ལས་ ཏི་རུ་བསྡུ་མ་ཆོགཔ་ལས་ ག་ཏེ་ལས་ བཏོན་ཚུགས་ག་ཟེར་བའི་ ཚ་གྱང་ཡང་ཡོད་ཟེར་ཨིན་པས།
ཞིང་ལམ་དེ་ འཕྲོ་མཐུད་དེ་ར་ བྱག་གུ་ལས་ར་ སེལ་དགོཔ་ལས་ ས་གནས་གཞན་ཁ་ལས་ བཏོན་ཐབས་མེདཔ་ཨིན་པས།
ཨུ་ལའི་སོ་ནམ་ཞིང་ལམ་དེ་ སྤུ་ན་གཙང་ཆུ་ཕར་ཁ་ཡོད་པའི་ ལས་འགུལ་གྱི་ལམ་ལས་ མཐུད་ཡོདཔ་ད་  ལམ་དེ་གིས་ ཨུ་ལ་སྤྱི་འོག་གི་ ཁྱིམ་གུང་པ་༢༣ དེ་ཅིག་ལུ་ ཕན་ཐོགས་ཚུགས་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་  བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment