གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་ དུས་ཚོད་ཁར་ བསལ་མི་ཚར་ནི།

༡༠/༨/༢༠༡༢   ༉ ཤར་ཕྱོགས་ལུང་ཕྱོགས་ནང་ དཔལ་འབྱོར་གོང་འཕེལ་དང་འབྲེལ་བའི་ ལེགས་བསྒྱུར་རྒྱ་ཆེཝ་སྦེ་ འབྱུང་ནི་གི་ རེ་བ་ཡོད་མི་ ངང་ལམ་དང་ རྒྱལ་པོའི་ཞིང་གི་ གཞུང་ལམ་བསལ་ནི་དེ་ ལོ་ངོ་༦ དེ་ཅིག་ ཡར་སོ་རུང་ ད་རུང་ ཡུན་འགྱངས་ལུས་ནི་མས་ཟེར་ ལམ་སེལ་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ལས་བྱེདཔ་ཚུ་གིས་འཁོར་ལམ་བསལ་བའི་བསྒང་།


རིང་ཐུང་ཀི་ལོ་མི་ཊར་༧༥.༤༦ འབད་མི་ གཞུང་ལམ་དེ་ སང་ཕོད་སྤྱི་ཟླ་༦ པའི་ནང་ བསལ་ཚར་དགོཔ་ཨིན་རུང་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རུང་ དུས་ཡུན་ཟླ་ངོ་༦ དང་༧ དེ་ཅིག་ ཐེབས་དགོ་ནི་མས་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ འཁོར་ལམ་ཀི་ལོ་མི་ཊར་༦༤.༣༦ བསལ་ཚར་མི་དེ་ འགོ་ཐོག་གི་ དཔག་ཚད་བཀལ་མི་དེ་ཨིན་རུང་ ཤུལ་ལས་ ལམ་རིང་ཐུང་ཀི་ལོ་མི་ཊར་༧༥.༤༦ ལུ་ ཡར་སེང་འབད་ཡོདཔ་ད་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་ གཞུང་ལམ་དེ་ ཕྱོགས་གཉིས་ཆ་ར་ལས་ བསལ་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་པོའི་ཞིང་ཁ་ཐུག་ལས་ གཞུང་ལམ་ཀི་ལོ་མི་ཊར་༢༣.༥ བསལ་ཚར་མི་ལས་ ཀི་ལོ་མི་ཊར་༡༠ རྩི་ནག་བཏང་ཚར་ཡོདཔ་བཞིན་དུ་ ངང་ལམ་ལས་ ཀི་ལོ་མི་ཊར་༤༠.༡ སེལ་དགོཔ་ཡོད་མི་ལས་ ཀི་ལོ་མི་ཊར་༢༥ བསལ་ཚར་ཡོདཔ་ལས་ གཞུང་ལམ་དེ་ ཀུར་རི་གོང་རི་གཙང་ཆུ་འཛོམས་སར་ མཐུད་སྦྲེལ་འབད་ནིའི་དོན་ལུ་ ཀི་ལོ་མི་ཊར་༡༡ དེ་ཅིག་ བསལ་མ་ཚར་བ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༡༢ པ་ལས་ ཕྱོགས་གཉིས་ཆ་ར་ལས་ ལམ་ཀི་ལོ་མི་ཊར་༤༥ དེ་ཅིག་ རྩི་ནག་གཏང་ཚར་འོང་ཟེར་ ལས་འགུལ་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
རྒྱལ་པོའི་ཞིང་ལུ་ཡོད་མི་ ལམ་སེལ་ལས་འགུལ་གྱི་ འཛིན་སྐྱོང་པ་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ལམ་སེལ་གྱི་ལཱ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པར་ ཡུན་འགྱངས་ལུས་མི་དེ་ གཞུང་ལམ་གྱི་རིང་ཐུང་ ཀི་ལོ་མི་ཊར་༦༤.༣༦ སྔོན་དཔག་འབད་མི་ལས་ ཀི་ལོ་མི་ཊར་༧༥.༤༦ ལུ་ ཡར་སེང་སོང་ཡོདཔ་མ་ཚད་ འགོ་ཐོག་གི་ བཟོ་བཀོད་དང་འཁྲིལཝ་ད་ ལམ་རྒྱ་ཚད་མི་ཊར་༣.༧༥ ལུ་ རྩི་ནག་གཏང་དགོཔ་ཨིན་རུང་ ཤུལ་ལས་ མི་ཊར་༦.༤༥ ལུ་ ཡང་སེང་དང་ གཞུང་ལམ་གཡས་གཡོན་གཉིས་ཆ་ར་ལས་ རྒྱ་ཚད་མི་ཊར་༡.༣༥ ཡར་སེང་སོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
གཞུང་ལམ་བསལ་ནི་གི་ལཱ་དེ་ རྒྱ་གར་གཞུང་གི་ གྲོགས་རམ་མ་དངུལ་ས་ཡ་༡,༡༢༤ གི་ཐོག་ལས་ སྤྱི་ལོ་༢༠༠༦ ལུ་ འགོ་བཙུགས་ཡོདཔ་ཨིན་རུང་ བཟོ་སྐྲུན་གྱི་སྐབས་ ལམ་གྱི་རིང་ཐུང་བསྒྱུར་བཅོས་ཡར་སོཔ་ལས་ ཟད་འགྲོ་དེ་ དངུལ་ཀྲམ་ས་ཡ་༡,༨༢༠ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
གཞུང་ལམ་བསལ་ཚར་བའི་ཤུལ་ལུ་ ཤར་ཕྱོགས་རྫོང་ཁག་ མོང་སྒར་དང་ ལྷུན་རྩེ་ བཀྲིས་གཡང་རྩེ་ བཀྲིས་སྒང་གི་ མི་སེར་ཚུ་ལུ་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་དང་ ཚོང་འབྲེལ་འཐབ་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment