གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཡུན་མ་ཚང་པའི་ཧེ་མར་ དགོངས་ཞུ་འབད་མ་ཆོགཔ།

༡༨/༨/༢༠༡༢   ༉ འཕྲལ་ཁམས་ཅིག་ལས་ ས་གནས་གཞུང་གི་འཐུས་མི་ མང་ཤོས་ཅིག་གིས་ར་ དགོངས་ཞུའི་ཡི་གུ་བཙུགས་མི་ལུ་བརྟེན་ ཁ་ཙ་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུ་ལས་གྲུབ་པའི་ གོ་གནས་འཆང་མི་ཚུ་ ག་ར་འབད་རུང་ རང་སོའི་ གནས་ཡུན་མ་ཚང་པའི་ཧེ་མར་ དགོངས་ཞུ་འབད་མི་ཆོག་ཟེར་ མི་མང་གསལ་བསྒྲགས་ཅིག་ནང་ བཀོད་ཡོདཔ་ཨིན་པས།


སྙན་ཞུ་དང་འཁྲིལཝ་ད་ དགོངས་ཞུའི་ཡི་གུ་བཙུགས་མི་ མང་ཤོས་ར་ ས་གནས་གཞུང་གི་ ཚོགས་པའི་གོ་གནས་འཆང་མི་ཚུ་ཨིན་པའི་ མངོན་གསལ་བྱུང་ཡོདཔ་ད་ ལྟ་རྟོག་པ་ཚུ་གིས་ འབད་བ་ཅིན་ ཁོང་ལུ་ དངུལ་ཕོགས་ལེགས་ཤོམ་མེད་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ བཤདཔ་ཨིན་པས།
མ་གཞི་ ཚོགས་པའི་ཟླ་རིམ་དངུལ་ཕོགས་ཚུ་ འགོ་ཐོག་ལུ་ དངུལ་ཀྲམ་༢,༠༠༠ རེ་ཨིན་རུང་ དུས་ཅི་ལས་ ཡར་སེང་རྐྱབ་སྟེ་ དངུལ་ཀྲམ་༥,༠༠༠ བཟོ་ཡོདཔ་ཨིན་རུང་ ལཱ་འགན་གྱི་གནས་སྟངས་དེ་ རྐང་ཐང་འགྱོ་དགོཔ་དང་ གཞུང་འབྲེལ་འགོ་དཔོན་ཚུ་ ག་འོང་སྟེ་འབད་རུང་ ཕྱག་ཞུ་དགོཔ་ལས་ དཀའ་ངལ་ཅན་ཅིག་ཨིན་པའི་ ཉམས་མྱོང་བྱུང་མི་ལུ་བརྟེན་ཏེ་ འོང་ནི་ཨིན་པས།
དེ་ཡང་ ལྷན་ཚོགས་ཀྱིས་ འབད་བ་ཅིན་ བཙག་འཐུ་ལས་གྲུབ་མི་ཚུ་ག་ར་ ཁོང་རའི་ དང་འདོད་དང་འཁྲིལ་ཏེ་ བཙག་འཐུའི་ནང་ བཅའ་མར་གཏོགས་པའི་ཤུལ་ལུ་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ བཙག་འཐུ་གྲུབ་ཡོདཔ་ལས་ གོ་གནས་ཀྱི་ གནས་ཡུན་ལོ་༥ མ་ཚང་ཚུན་ དགོངས་ཞུ་འབད་ནི་དེ་ འོས་འབབ་མེད་ཟེར་ཨིན་པས།
དགོངས་ཞུའི་ཡི་གུ་བཙུགས་མི་ ཚོགས་པ་ཚུ་ དགོངས་ཞུ་གཏང་དགོ་པ་ཅིན་ གོ་གནས་འཆང་མི་ མི་ངོམ་དེ་ལུ་ ཁོ་རའི་ གོ་གནས་དང་འབྲེལ་བའི་ ལཱ་ཚུ་འབད་མ་ཚུགས་པའི་ ནད་གཞི་དང་འབྲེལ་བའི་ གནས་སྟངས་རེ་འབྱུང་ནི་དང་ ཡང་ཅིན་ ཁྲིམས་ཁང་ནང་ཉེས་བཙུགས་དང་འབྲེལ་བའི་ ཁྲིམས་བཤེར་གྱི་ གནད་དོན་ཡོད་མི་ ཡང་ཅིན་ ཚེ་ལས་འདས་པའི་ གནས་སྟངས་འབྱུང་པ་ཅིན་མ་གཏོགས་ དེ་མིན་ དགོངས་ཞུ་འབད་མ་ཆོགཔ་ཨིན་ཟེར་ ལྷན་ཚོགས་ཀྱིས་ མི་མང་གསལ་བསྒྲགས་འབད་མིའི་ནང་ གསལ་བཀོད་འབད་ནུག།
གནད་དོན་གཞན་གྱི་ཐོག་ལས་ དགོངས་ཞུ་འབད་བ་ཅིན་ རྒྱལ་ཁབ་ཀྱིས་ བཙག་འཐུའི་དོན་ལུ་ ཟད་འགྲོ་འབོར་ཆེ་དྲགས་སྦེ་ བཏང་ཡོདཔ་ལས་ དགོངས་ཞུ་འབད་མི་ཚུ་གིས་ ཟད་འགྲོ་གནས་མི་ཚུ་ ལོག་སྤྲོད་དགོ་ཟེར་ཨིན་པས།
ཨིན་རུང་ ས་གནས་གཞུང་གི་བཅའ་ཁྲིམས་ སྤྱི་ལོ་༢༠༠༩ ཅན་མའི་ དོན་ཚན་༢༦ པ་དང་འཁྲིལཝ་ད་ ས་གནས་གཞུང་གི་ འཐུས་མི་ཅིག་གིས་ ཁྲི་འཛིན་ལུ་ དགོངས་ཞུའི་ཡི་གུ་བཙུགས་ཏེ་ ས་གནས་གཞུང་ལས་ དགོངས་ཞུ་འབད་ཆོག་ཟེར་ཨིནམ་ད་ དོན་ཚན་༢༧ པའི་ནང་ ཁྲི་འཛིན་མེད་པའི་སྐབས་ལུ་དང་ ཡང་ཅིན་ དགོངས་ཞུ་འབད་ནིའི་ བློ་འདོད་ཡོད་མི་དེ་ ཁྲི་འཛིན་ཨིན་པ་ཅིན་ ཁྲི་འཛིན་གྱི་ངོ་ཚབ་དང་ ཡང་ཅིན་ ཁྲི་འཛིན་འོག་མ་ལུ་ དགོངས་ཞུའི་ཡི་གུ་ བཙུགས་དགོ་ཟེར་ཨིན་པས།
དེ་འབདཝ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁ་ཙ་གནང་མི་ མི་མང་གསལ་བསྒྲགས་དང་འཁྲིལཝ་ད་ དབང་འཛིན་ག་གིས་འབད་རུང་ བཙག་འཐུ་ལས་གྲུབ་མི་ འཐུས་མི་ཚུ་གིས་ བཙག་འཐུའི་དོན་ལུ་ ཟད་འགྲོ་བཏང་མི་ཚུ་ ལོག་བཏབ་ན་མ་གཏོགས་ དགོངས་ཞུའི་ཡི་གུ་ཚུ་ ངོས་ལེན་འབད་མི་ཆོག་ཟེར་ གསལ་བཀོད་འབད་ཡོདཔ་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment