གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཚོན་ཆ་ཀྲོབ་མདའི་ཆོག་ཐམ་ བསྐྱར་གསོ་མ་འབད་མི་ཚུ་ ཁྲིམས་འདུན་ལུ་གཏང་ནི།

༡༧/༨/༢༠༡༢   ༉ ཟླཝ་༡ དང་ཕྱེད་དེ་ཅིག་གི་ཧེ་མ་ལས་ ཁྲིམས་སྲུང་འགག་པ་གིས་ མཚོན་ཆ་ཀྲོབ་མདའ་འཆང་མི་ཚུ་གིས་ རང་སོའི་ ཆོག་ཐམ་ཚུ་ བསྐྱར་གསོ་འབད་དགོཔ་སྦེ་ སླབ་ཡོད་རུང་ ད་ལྟོ་ཚུན་ བརྒྱ་ཆ་༡ དེ་ཅིག་གིས་མ་གཏོགས་ འབད་མ་བཏུབ་ཨིན་པས།


རྒྱལ་ཁབ་ནང་ མཚོན་ཆ་ཀྲོབ་མདའ་འཆང་མི་༤,༣༠༩ དེ་ཅིག་ཡོདཔ་ད་ སྤྱི་ལོ་༢༠༠༩ གི་ མཚོན་ཆའི་བཅའ་ཁྲིམས་དང་འཁྲིལ་ ལག་ཁྱེར་ཚུ་ བསྐྱར་གསོ་འབད་དགོཔ་སྦེ་ བཟོ་ཡོདཔ་ཨིན་རུང་ དེ་ནང་ ལྷ་ཁང་དང་ མགོན་ཁང་ཚུ་ནང་ཡོད་མི་ མཚོན་ཆའི་རིགས་ཚུ་ མི་ཚུད་ནི་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ནང་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལྟེ་བ་གིས་ རྫོང་ཁག་ཚུ་ནང་ཡོད་པའི་ མཚོན་ཆ་འཆང་མི་ཚུ་གིས་ ཆོག་ཐམ་ཚུ་ བསྐྱར་གསོ་འབད་དགོཔ་སྦེ་ རྫོང་ཁག་གི་ ཁྲིམས་སྲུང་སྡེ་འཛིན་ཚུ་ལུ་ གསལ་བསྒྲགས་བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་མདོ་འཛིན་ སྐྱིབ་ཅུ་རྣམ་རྒྱལ་གྱིས་འབད་བ་ཅིན་ གསལ་བསྒྲགས་དེ་ལུ་ ངོས་ལེན་ ལེགས་ཤོམ་ཅིག་ མ་བྱུང་ཟེར་ཨིནམ་ད་ མ་གཞི་ མཚོན་ཆ་འཆང་མི་ཚུ་གིས་ ཆོག་ཐམ་ཚུ་ རང་སོའི་རྫོང་ཁག་ཚུ་ནང་ བསྐྱར་གསོ་འབད་ཚུགས་ནི་ཨིན་རུང་ ད་ལྟོ་ཚུན་ལུ་ མི་༥༣ གྱིས་མ་གཏོགས་ བསྐྱར་གསོ་མ་འབད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུ་ལུ་ མཚོན་ཆ་འཆང་མི་༣༦༥ ཡོད་མིའི་གྲས་ལས་༣༣ གྱིས་མ་གཏོགས་ བསྐྱར་གསོ་མ་འབད་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པ་གིས་ འབད་བ་ཅིན་ ཁོང་གིས་ ཁྲིམས་འགལ་ཐོག་ལས་ མཚོན་ཆ་འཆང་མི་ལུ་ ཉེས་འཛུགས་མ་འབད་བའི་ཧེ་མར་ ཆོག་ཐམ་ཚུ་ བསྐྱར་གསོ་འབད་དགོཔ་སྦེ་ སླབ་ཨིན་པས།
མ་གཞི་ ཁྲིམས་སྲུང་འགག་པ་གིས་ ཆོག་ཐམ་བསྐྱར་གསོ་མ་འབད་བར་ མཚོན་ཆ་འཆང་མི་ཚུ་ ཕྲངམ་ཕྲང་ས་ ཁྲིམས་འདུན་ལུ་ བཏང་ཆོགཔ་ཨིན་རུང་ ཆོག་ཐམ་བསྐྱར་གསོའི་དོན་ལུ་ ད་རུང་ ཟླཝ་༣ ཕར་འགྱངས་འབད་དེ་ ཡོད་ཟེར་ མདོ་འཛིན་ སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ མི་མང་ཤོས་ཅིག་གིས་ར་ རང་ལུ་ཡོད་པའི་ མཚོན་ཆ་ཀྲོབ་མདའ་ཚུ་གི་ ཆོག་ཐམ་ཚུ་ བསྐྱར་གསོ་མ་འབད་བ་ཅིན་ དེ་གི་ཁྲིམས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་ མི་ཤེས་དོ་ཡོདཔ་ལས་ གོ་བརྡ་སྤེལ་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
ཁྲིམས་འགལ་ཐོག་ མཚོན་ཆ་འཆང་མིའི་ཉེས་ཁྲིམས་དེ་ ཉེས་ཆེན་དབྱེ་རིམ་༤ པའི་ནང་ ཚུད་ནི་ཨིནམ་ད་ ད་རེས་ ཆོག་ཐམ་བསྐྱར་གསོ་མ་འབད་མི་ཚུ་ ཤུལ་ལས་ མཚོན་ཆ་ཀྲོབ་མདའི་རིགས་ ག་ཅི་ར་འབད་རུང་ ནང་འདྲེན་འབད་མི་བཅུག་ཟེར་ཨིན་པས།
ཡར་རྒྱས་འགྱོ་ཚར་མི་ ཨེ་མི་རི་ཀ་རྒྱལ་ཁབ་བཟུམ་ཅིག་ནང་འབད་བ་ཅིན་ མི་མང་ཤོས་ཅིག་གིས་ར་ རང་གི་ཉེན་སྐྱོབ་ཀྱི་དོན་ལུ་ ཀྲོབ་མདའ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ང་བཅས་རའི་རྒྱལ་ཁབ་ནང་འབད་བ་ཅིན་ མི་ཕྱུགཔོ་ཚུ་གིས་ ཕྱུགཔོ་ཨིན་པའི་རྟགས་མཚན་ སྟོན་ནིའི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཨིན་རུང་ འབྲུག་མི་ལ་ལུ་ཅིག་གིས་ རང་སོའི་ཁྱིམ་ནང་ མཚོན་ཆ་ཀྲོབ་མདའ་འདྲཝ་རེ་ཡོད་པ་ཅིག་ དེ་གིས་ གལ་རྐྱེན་བར་ཆད་ཚུ་ ཟློག་ཚུགས་ནི་ཨིནམ་སྦེ་ སླབ་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ བཤད་མིའི་ནང་ རྒྱལ་ཁབ་ཀྱི་ ས་མཚམས་ཚུ་ནང་སྡོད་མི་ཚུ་གིས་ ཁག་ཆེ་བའི་ ཡིག་ཆ་དང་ དངུལ་རྐྱངམ་ཚུ་འབག་འགྱོ་བའི་སྐབས་ལུ་ རང་སོའི་ ཉེན་སྲུང་གི་དོན་ལུ་ ཀྲོབ་མདའ་ཚུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་ བཤདཔ་ཨིན་པས།
ཨིན་རུང་ མི་ལ་ལུ་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་རྒྱལ་ཁབ་དེ་ བདེ་སྐྱིད་དང་ ཉེན་སྲུང་ཅན་གྱི་ རྒྱལ་ཁབ་ཅིག་འབདཝ་ལས་ མཚོན་ཆ་ཚུ་ ལག་ལེན་འཐབ་དགོཔ་ མིན་འདུག་ཟེར་ཨིན་པས།
མིང་གསང་བཞག་མི་ ཁྲིམས་སྲུང་འགོ་དཔོན་ཅིག་གིས་ འབད་བ་ཅིན་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ རང་གི་སྲུང་སྐྱོབ་ཀྱི་དོན་ལུ་ ཀྲོབ་མདའ་ཚུ་ ལག་ལེན་འཐབ་པའི་ གནད་དོན་ ཕུད་རྡོག་གཅིག་ཡང་ མ་ཐོན་རུང་ ཀྲོབ་མདའ་ཚུ་ ལོག་སྤྱོད་འབད་བའི་ གནད་དོན་ཁག་༣ དང་ རེ་ཚེ་སྐབས་ དོན་བདག་ག་ཅི་ཡང་མེད་པར་ ག་ནི་ཡང་མ་ཤེས་མི་ཚུ་ ཁྲིམས་འགལ་ཐོག་ལས་ ཀྲོབ་མདའ་འཆང་ཡོདཔ་སྦེ་ ཁྲིམས་འདུན་ལུ་ བསྐྱལ་དགོ་པའི་ གནད་དོན་ཚུ་ ཐོན་ཏེ་ཡོད་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ ཀྲོབ་མདའ་ཚུ་ རྩ་ལས་ར་ འཆང་མ་ཆོག་པའི་ ཁྲིམས་ལུགས་ཚུ་བཟོ་སྟེ་ བཀག་འཛིན་འབད་བ་ཅིན་ དྲག་ནི་མས་ཟེར་སླབ་ཅི།
རྒྱལ་ཁབ་ནང་ སྒྲིག་རྒྱུག་མི་ཚུ་གིས་ ཀྲོབ་མདའ་མ་འདྲཝ་ ལེ་ཤ་ཅིག་ར་ ལག་ལེན་འཐབ་ཆོགཔ་ཨིན་རུང་ སྤྱིར་བཏང་ མི་སེར་གཞན་ཚུ་ལུ་ ཚད་གཞི་ཅིག་བཟོ་སྟེ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ ལ་ལུ་ཅིག་གིས་ ཁོང་ལུ་ གཞན་གྱིས་ ཁྱོསམ་སྦེ་ བྱིན་ཡོདཔ་སྦེ་སླབ་སྟེ་ རིག་གསར་གྱི་ ཀྲོབ་མདའ་ཚུ་ཡང་ ལེ་ཤ་ཅིག་ ལག་ལེན་འཐབ་མི་ ཡོདཔ་ཨིན་པས།
མ་གཞི་ མཚོན་ཆའི་བཅའ་ཁྲིམས་ནང་ མི་ཅིག་གིས་ མཚོན་ཆ་ཀྲོབ་མདའི་རིགས་ ཕུད་རྡོག་གཅིག་ལས་བརྒལ་ འཆང་མ་ཆོགཔ་སྦེ་ ཡོདཔ་ཨིན་རུང་ ཀུན་གསལ་གྱིས་ ཤེས་དོ་བཟུམ་འབད་བ་ཅིན་ ལ་ལུ་ཅིག་གིས་ ཀྲོབ་མདའ་རིགས་མ་འདྲཝ་༢༥ རེ་དང་༦ རེ་ འཆང་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ མདོ་འཛིན་གྱིས་འབད་བ་ཅིན་ ད་ལྟོ་ཚུན་ མཚོན་ཆ་ཀྲོབ་མདའི་ཆོག་ཐམ་ཚུ་ གཅིག་ལས་གཅིག་ལུ་ སྤོ་སོར་འབད་ནི་དང་  གཅིག་གིས་གཅིག་ལུ་ བཙོང་ནི་ཚུ་ མ་ཆོགཔ་སྦེ་བཟོ་ཡོད་མི་དེ་གིས་ མཚོན་ཆ་འཆང་མིའི་ གྱངས་ཁ་ཚུ་ མར་ཕབ་འབད་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment