གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཆ་དང་འབྲེལ་བའི་ བརྡ་དོན་ལམ་ལུགས་ འཇམ་ཏོང་ཏོ་སྦེ་འཐོབ་ནི།

༡༧/༨/༢༠༡༢   ༉ ཧེ་མ་འབད་བ་ཅིན་ ས་ཆའི་བརྡ་དོན་ལམ་ལུགས་ནང་ རང་སོའི་ཁྱིམ་དང་ ས་གཞི་ཚུ་རྐྱངམ་གཅིག་མ་གཏོགས་ ཐོབ་ནི་མེདཔ་ཨིན་རུང་ ད་ལས་ཕར་ འཕྲུལ་རིག་གོང་འཕེལ་དང་བསྟུན་ གོང་འཕེལ་གྱི་ གཞི་རྟེན་ཚུ་ འགོ་བཙུག་ནི་དང་ ཁྲོམ་སྡེ་གོང་འཕེལ་གྱི་ འཆར་གཞི་བརྩམ་ནི་ དེ་ལས་ དཔལ་འབྱོར་གོང་འཕེལ་ཚུ་གི་དོན་ལུ་ བརྡ་དོན་ཚུ་ གཏན་འཁེལ་སྦེ་ འཐོབ་ཚུགས་ནི་ཨིན་པས།


དེ་ཡང་ ཁ་ཙ་ ཐིམ་ཕུ་རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ཞལ་འཛོམས་ཁང་ནང་ ས་ཆ་རིག་པའི་བརྡ་དོན་ ཡུན་བརྟན་འཛིན་སྐྱོང་ཐོག་ ས་ཆའི་བདག་སྐྱོང་ ཡར་དྲག་གཏང་ཐབས་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ ས་ཆ་རིག་པའི་མཁས་མཆོག་ཚུ་གིས་ བཅའ་མར་གཏོགས་མི་ཚུ་ལུ་ གསལ་བཤད་འབད་ཡི།
རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་སངས་རྒྱས་མཁའ་འགྲོ་གིས་འབད་བ་ཅིན་ ས་ཆ་འཛིན་སྐྱོང་འབད་ནིའི་དོན་ལུ་ བརྡ་དོན་ཚུ་དགོཔ་ད་ བརྡ་དོན་ངེས་ཏིག་མེད་པ་ཅིན་ གྲོས་ཐག་ལེགས་ཤོམ་སྦེ་ བཅད་མི་ཚུགས་ཟེར་ཨིན་པས།
དེ་འབདཝ་ལས་ ད་རེས་ ལྷན་ཚོགས་ཀྱིས་ གཙོ་རིམ་བཟུང་ཐོག་ལས་ ལཱ་འབད་དོ་ཡོད་མི་ ཇི་འོ་བརྡ་དོན་རྐྱངམ་གཅིག་གིས་ ངེས་ཏིག་བཟོ་བའི་ བརྡ་དོན་ཚུ་ བྱིན་ཚུགས་ནི་ཨིནམ་ལས་ དེ་གིས་ གཞུང་དང་ མི་སེར་གྱི་བར་ན་ དྭངས་གསལ་ཚུ་ཡང་ ཡར་དྲག་གཏང་ཚུགས་ཟེར་ཨིན་པས།
ཇི་འོ་བརྡ་དོན་འཕྲུལ་རིག་ལུ་བརྟེན་ འབྲུག་འདི་ གོང་འཕེལ་འགྱོ་བའི་བསྒང་ཨིན་མི་ རྒྱལ་ཁབ་ཚུ་དང་ཕྱདཔ་ད་ དུམ་གྲ་ཅིག་ གདོང་ཕྱོགས་ལུ་ གནས་ཏེ་ཡོད་ཟེར་ ཞལ་འཛོམས་ནང་ སྦྱོང་བརྡར་བྱིན་མི་ ཌེན་མཱག་གི་ ཨཱལ་བཱོག་གཙུག་ལག་མཐོ་རིམ་སློབ་གྲྭའི་མཁས་དབང་ ཨིསི་ཊིག་ ཨེ་ནེ་མཱག་གིས་ བཤད་ཅི།
འཕྲུལ་རིག་དེ་ལུ་བརྟེན་ རྒྱལ་ཁབ་ཀྱི་ དངུལ་འབྲེལ་ལས་སྡེ་ཚུ་གིས་ཡང་ སྐྱིན་འགྲུལ་ལེན་མི་ཚུ་གིས་ གཏའ་མ་བཙུགས་མི་ ས་ཆའི་གནས་གོང་ཚུ་ ཤེས་ཚུགས་ནི་ཨིནམ་ལས་ མི་སེར་ཚུ་གིས་ ཧེ་མ་བ་ལྷགཔ་སྦེ་ སྐྱིན་འགྲུལ་ཚུ་ལེན་ཐོག་ལས་ ཚོང་འབྲེལ་གྱི་ལཱ་ཚུ་ འབད་ཚུགས་ཟེར་ དྲགོས་སངས་རྒྱས་མཁའ་འགྲོ་གིས་ བཤད་ཅི།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་གཙོས་པའི་ ལས་སྡེ་རེ་རེ་བཞིན་དུ་ལུ་ རང་སོའི་བརྡ་དོན་ཚུ་ཡོདཔ་ད་ དེ་བཟུམ་མའི་ འཕྲུལ་རིག་ལུ་བརྟེན་ བརྡ་དོན་ཚུ་ མི་སེར་རེ་རེ་བཞིན་དུ་གིས་ ཐོབ་ཚུགས་ནི་དང་ གཞུང་གི་ཟད་འགྲོ་ཚུ་ཡང་ མར་ཕབ་གཏང་ཚུགས་ཟེར་ཨིན་པས།
མ་འོངས་ལོ་༡༠ དེ་ཅིག་གི་རྒྱབ་ལས་ གལ་སྲིད་ མི་ཅིག་ལུ་ བཀྲིས་སྒང་རྫོང་ཁག་ནང་ ས་ཆ་ཡོད་པ་ཅིན་ བཀྲིས་སྒང་ལུ་ འགྱོ་མ་དགོ་པར་ ས་གནས་གཞན་ཚུ་ནང་ལས་ ཚོང་འབྲེལ་འཐབ་ཚུགས་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ད་རེས་ཀྱི་ གནས་སྟངས་ནང་ རྒྱལ་ཁབ་ཀྱི་ ལས་སྡེ་ཁག་ཚུ་ནང་ ས་འཇལ་གྱི་ ལམ་ལུགས་དང་ འཕྲུལ་ཆས་ཚུ་ མ་འདྲཝ་སྦེ་ ལག་ལེན་འཐབ་དོ་ཡོད་མི་ལུ་བརྟེན་ གྲུབ་འབྲས་ཚུ་ གཅིག་ལས་གཅིག་ མ་འདྲཝ་སྦེ་ཐོན་པའི་ དཀའ་ངལ་ཡོད་མི་དང་འཁྲིལ་ ད་ལས་ཕར་ ལམ་ལུགས་ཚུ་ གཅིག་མཚུངས་སྦེ་ བཟོ་དགོཔ་ཡོད་ཟེར་ དྲགོས་སངས་རྒྱས་མ།ཁའ་འགྲོ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ཡོད་པའི་ ཀེ་ཌསི་ཊཱལ་ ས་འཇལ་ལམ་ལུགས་དེ་ གཞི་རྟེན་བཟུམ་ཅིག་འབད་ནི་དེ་གིས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ རང་སོའི་བརྡ་དོན་ཚུ་ དེ་ནང་བཙུགས་ཐོག་ལས་ གོ་རིམས་སྒྲིག་སྟེ་ མི་སེར་ཚུ་གིས་ བལྟ་ཚུགསཔ་བཟོ་དགོཔ་ཨིན་ཟེར་ཨིན་པས།
མཁས་དབང་ཨིསི་ཊིག་ ཨེ་ནེ་མཱག་གིས་ སླབ་མིའི་ནང་ དེ་བཟུམ་མའི་ བརྡ་དོན་རྐྱངམ་གཅིག་ ལམ་ལུགས་དེ་ནང་ བཙུགས་བཞག་མི་གིས་ མི་བཏུབ་ནི་ཨིནམ་ལས་ དེ་དང་གཅིག་ཁར་ མི་སེར་ཚུ་གིས་ ཧ་གོ་ཚུགསཔ་ བཟོ་ནིའི་དོན་ལུ་ བརྡ་དོན་ཚུ་ ཁག་དབྱེ་སྟེ་བཟོ་མི་ ལས་སྡེ་ཅིག་ཡང་ གཞི་བཙུགས་འབད་དགོ་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment