གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་འགལ་ཐོག་ལས་ ཉ་བཟུང་མི་ ཕོ་སྐྱེས་སྡེ་ཚན་༢ འཛིན་བཟུང་།

༡༧/༨/༢༠༡༢   དུས་ཅི་ སྤྱི་ཟླ་༣ པ་དང་༤ པའི་བར་ན་ དབང་འདུས་ལུ་ ཁྲིམས་འགལ་ཐོག་ལས་ ཉ་བཟུང་མི་ཚུ་ལུ་ བསྡོམས་ཀྱིས་ ཉེས་ཆད་དངུལ་ཀྲམ་༡༩,༠༠༠ དེ་ཅིག་ བཀལ་ཡོདཔ་ཨིན་པས།

༉ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ དབང་འདུས་ནགས་ཚལ་ཡིག་ཚང་གིས་ སྤུ་ན་གཙང་ཆུ་དང་ དྭངས་ཆུ་ནང་ལས་ ཉ་བཟུང་མི་ ཕོ་སྐྱེས་སྡེ་ཚན་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།
དབང་འདུས་ལུ་ ནགས་ཚལ་འགོ་དཔོན་ཚུ་གིས་ འཕྱོག་བཟུང་འབད་མི་ ཚུལ་མིན་ཐོག་ལས་བཟུང་མི་ཉ་ཚུ།
ཀོ་མ་གིས་བཏབ་མི་ ཉ་ཅིག་ ལོག་གཙང་ཆུ་ནང་ བཏང་པའི་བསྒང་།


དེ་ཡང་ སྤུ་ན་གཙང་ཆུའི་མཐའ་མ་ལས་ སྐྱེས་ལོ་༡༦ ལང་མི་ ན་གཞོན་༢ འཛིན་བཟུང་འབད་ཡོདཔ་བཞིན་དུ་ དྭངས་ཆུ་ལས་ བདའ་ཟུན་མི་ ཕོ་སྐྱེས་༣ ཆ་ར་ བསྟན་སྐྱོང་གླིང་གི་ དམག་མི་ཨིན་པས།
ན་གཞོན་༢ ཀྱིས་ ཉ་རིགས་ཨ་ས་ལ་ཟེར་མི་༧ བཟུང་ཡོད་མི་ལས་༣ ལོག་གཙང་ཆུ་ནང་བཏང་ཡོད་རུང་ གཞན་མི་ཚུ་ ཤི་ཡོདཔ་ད་ ཉ་དེ་ཚུ་ རིང་ཚད་ཨིན་ཅི་༥ ལྷགཔ་རེ་ ཡོདཔ་ཨིན་པས།
གནས་ས་དེ་ཁར་ ཉ་བཟུང་མ་ཆོགཔ་ལས་བརྟེན་ ཉེས་ཆད་དངུལ་ཀྲམ་༥,༠༠༠ ལས་ དངུལ་ཀྲམ་༥༠,༠༠༠ གི་བར་ན་ ཕོག་ནི་ཨིན་རུང་ ད་ལྟོ་ ཉེས་ཆད་ཀྱི་སྐོར་ལས་ སྒྲིག་ཆ་འབད་བའི་བསྒང་ཡོདཔ་ཨིན་པས།
ན་གཞོན་༢ ཀྱིས་ ཉ་བཟུང་བའི་སྐོར་ལས་ དབང་འདུས་ཟམ་པ་ལུ་ དབྱེ་ཞིབ་འབད་མི་ ནགས་ཚལ་འགོ་དཔོན་ ཨར་ཀེ་ རའི་གིས་ མཐོང་བའི་ཤུལ་ལས་ བ་འཇོ་ཁྲོམ་རྙིངམ་གི་འོག་ལུ་ཡོད་པའི་ ནགས་ཚལ་འགོ་དཔོན་ཚུ་ལུ་ འགྲུལ་འཕྲིན་ཐོག་ལས་ སྙན་ཞུ་འབད་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ བཀྲིས་བསོད་ནམས་ཀྱིས་ སླབ་མིའི་ནང་ ཉ་བཟུང་མི་ཚུ་ འཛིན་བཟུང་འབད་ནིའི་དོན་ལུ་ ནགས་ཚལ་འགོ་དཔོན་ཚུ་ལུ་ བརྡ་སླབ་སྟེ་ འཛོམས་ནིའི་དཔའ་བཅམ་པའི་སྐབས་ ཡིག་ཚང་ནང་ ལས་བྱེདཔ་༥ ཡོད་མི་ལས་ ཕོ་སྐྱེས་༢ ལས་བརྒལ་མེདཔ་ལས་ ཁོང་གི་ཆ་རོགས་སྦེ་ ཨམ་སྲུ་༢ ཡང་ ཁྱིད་སོང་ཡི་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཡིག་ཚང་གི་ སྣུམ་འཁོར་མེདཔ་ལས་ ཧང་སྟོང་མར་ ཞིབ་དཔྱད་འབད་བར་འགྱོཝ་ད་ བྱ་སྟབས་མ་བདེ་བའི་ཁར་ གོ་མཚོན་ཡང་ འབག་ནི་མེདཔ་ལས་ གལ་སྲིད་ ཉ་བཟུང་མི་ཚུ་གིས་ ངོ་ལོག་རྐྱབ་པ་ཅིན་ རང་སྲོག་ལུ་ བར་རྐྱེན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ སླབ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་དང་གཅིག་ཁར་ ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་ཡང་ དྭངས་ཆུ་བརྒལ་ཏེ་ ཉི་ཤུ་རྒྱལ་ཁ་གཡུས་ཚུན་ འགྱོ་བའི་སྐབས་ ཡོངས་བསྡོམས་མི་༥ ལས་༣ ཚེ་རིང་དབང་ཕྱུག་རྩིས་ཏེ་ སྤུ་ན་གཙང་ཆུ་ཁ་ཐུག་ལུ་ འགྱོ་བའི་སྐབས་ ནགས་ཚལ་འགོ་དཔོན་ཨམ་སྲུ་༢ ལམ་སྦུག་ལས་ ལོག་དགོཔ་ཐོན་ཡོདཔ་ད་ གཞན་མི་སྡེ་ཚན་ནང་ གནས་ཚུལ་བསྡུ་བཀོདཔ་དང་ མི་༢ ཀྱིས་ སྤུ་ན་གཙང་ཆུ་དང་ དྭངས་ཆུ་འཛོམས་སའི་ ཁ་ཐུག་ལུ་སོང་ཡི།
དེ་བསྒང་ གཙང་ཆུའི་ ཕར་ཁ་ལུ་སྡོད་མི་ ཨར་ཀེ་ རའི་གིས་ གཡིབ་སྟེ་ལྟ་ཡོདཔ་ལས་ ཁོ་གིས་འབད་བ་ཅིན་ མི་༢ ཡོད་མི་ལས་༡  དོརམ་དམརཔོ་ གྱོན་ནུག་ཟེར་ཨིན་པས།
དེ་ལས་ སྡེ་ཚན་༢ ཀྱིས་ སྟབས་གཅིག་ཁར་ ཆུའི་མཐའ་མར་ ཐོན་འགྱོ་བའི་སྐབས་ ན་གཞོན་༢ མཐོང་སྟེ་ བཟུང་བའི་ཤུལ་ལས་ དྲི་བཀོད་འབདཝ་ད་ རྩེདམོ་རྩེ་སྡོདཔ་ཨིན་ཟེར་སླབ་མི་ལུ་ བློ་མ་བདེཝ་ལས་ ཁོང་གི་ སྦོ་ལོགས་ཁར་ལྟཝ་ད་ ཉ་༧ མཐོང་མི་ལས་ མ་ཤི་བར་ཡོད་མི་ཉ་༣ ལོག་ཆུ་ནང་བཏང་ཡི།
ཁོང་༢ ཁྱིད་འོངམ་ད་ ནགས་ཚལ་འགོ་དཔོན་ཨམ་སྲུ་༢ ཀྱིས་ དྭངས་ཆུ་ལུ་ ཉ་བཟུང་སར་ མཐོངམ་མས་ཟེར་ འགྲུལ་འཕྲིན་བཏང་མི་ལུ་བརྟེན་ སྦོ་ལོགས་ཁར་ལྷོདཔ་ད་ ཕོ་སྐྱེས་༣ གྱིས་ རྩལ་རྐྱབ་དོ་བཟུམ་བཟོ་སྟེ་ གཟན་དོམ་གྱི་དྲྭཝ་ བཀོ་སར་མཐོངམ་ལས་ འཛིན་བཟུང་འབད་བའི་ཤུལ་ལས་ ནགས་ཚལ་འགོ་དཔོན་ཕོ་སྐྱེས་ཚུ་ཡང་ ས་གོ་དེ་ནང་ལྷོད་དེ་ ཞིབ་དཔྱད་འབད་བའི་སྐབས་ ཉ་ཆུང་ཀུ་༡༠༠ ལྷགཔ་ཅིག་ཐོབ་ཅི།
ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ དབང་འདུས་ཕོ་བྲང་ལུ་ གཙང་ཆུ་དང་ རོང་ཆུ་ལེ་ཤ་ཡོད་རུང་ ནགས་ཚལ་ལས་བྱེདཔ་ ཉུང་སུ་ཅིག་ལས་བརྒལ་མེད་པའི་ཁར་ དེ་ནང་ལས་ཡང་ ཨམ་སྲུ་མངམ་ཡོདཔ་ལས་ ཁྲིམས་འགལ་ཐོག་ ཉ་བཟུང་མི་ཚུ་ ལྟ་རྟོག་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ སླབ་ཨིན་པས།
དཀའ་ངལ་གཞན་ཡང་ ཁོང་ལུ་ སྣུམ་འཁོར་མེད་པའི་ཁར་ ལྟ་རྟོག་འབད་བར་འགྱོཝ་ད་ སྒྲིག་གོ་ངོ་ཤེས་ནི་དེ་གིས་ བྱོག་འགྱོཝ་ལས་ སྒྲིག་གོ་མེན་པར་ ངོ་རྟགས་ཤོག་བྱང་རེ་ བཏགས་ནི་ཡོད་པ་ཅིན་ ཉ་བཟུང་མི་ཚུ་གིས་ མི་ཤེས་ནི་མས་ཟེར་ཨིན་པས།
ཁྲིམས་འགལ་ཐོག་ལས་ ཉ་བཟུང་མིའི་བྱུང་རྐྱེན་ནང་ དུས་ཅི་ སྤྱི་ཟླ་༣ པ་དང་༤ པའི་བར་ན་ རྐ་མེད་ཆུ་ལུ་ རྒྱ་གར་གྱི་ལས་མི་༧ དེ་ཅིག་ལུ་ ཉེས་ཆད་དངུལ་ཀྲམ་༥,༠༠༠ དང་ དམག་མི་༡ ལུ་ དངུལ་ཀྲམ་༧,༠༠༠ དེ་ལས་ ཕོབ་སྦྱིས་ཁའི་རོང་ཆུ་ནང་ལས་ ཉ་བཟུང་མི་ཅིག་ལུ་ དངུལ་ཀྲམ་༧,༠༠༠ བཀལ་ཡོདཔ་ཨིན་པས།
དབང་འདུས་ལུ་ ཉ་བཟུང་མི་ མང་ཤོས་ར་ ས་གནས་ཀྱི་མི་དང་ དམག་མི་ ཞི་གཡོགཔ་ རྫོང་གསར་བཞེངས་ཀྱི་ལཱ་འབད་མི་ ལས་འགུལ་གྱི་ལཱ་འབད་མི་ དེ་ལས་ སློབ་ཕྲུག་ཚུ་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment