གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་ཁ་ལྷ་ཁང་ནང་ ཡ་མཚན་ཆེ་བའི་ནང་རྟེན་༢ ཡོདཔ།

༡༧/༨/༢༠༡༢   ༉ འཕྲལ་ཁམས་ཅིག་ཁར་ གསར་བསྒྲུབས་འབད་མི་ དབང་འདུས་རྫོང་ཁག་ ཨ་ཐང་རྒེད་འོག་ རུ་ཁ་གཡུས་ཚན་གྱི་ ལྷ་ཁང་ནང་ དང་ཕུ་ལས་ཡོད་པའི་ནང་རྟེན་ རྡོ་ཅིག་དང་ དུང་དཀར་ཅིག་ཡོད་མི་དེ་ ལུང་བསྟན་ཅན་དང་ བྱིན་ཅན་ཅིག་ཨིནམ་ལས་ ས་གནས་ཀྱི་ མི་ཚུ་གིས་ དད་པ་དང་ ཡིད་ཆེས་སྦོམ་ བསྐྱེདཔ་ཨིན་པས།
རུ་ཁ་ལྷ་ཁང་གི་ ནང་རྟེན་ངོ་མ་ དཔལ་ལྡན་ལྷ་མོའི་ཆིབས་རྟ་ གནས་རྡོ་དང་ དུང་དཀར།


དེ་ཡང་ ཁ་མདོག་གནགཔོ་དང་ ཐེ་སྒོར་སྒོར་སྦེ་ཡོད་མི་ གནས་རྡོ་དེ་ མིག་ཏོ་༢ དང་ ཁ་ཡོད་པའི་ཚུལ་སྦེ་ མཇལ་དོ་ཡོདཔ་ད་ རུ་ཁ་གཡུས་ཚན་གྱི་ མི་ཚུ་གིས་ གནས་རྡོ་དེ་ འབྲུག་པའི་ཆོས་སྐྱོང་ དཔལ་ལྡན་ལྷ་མོའི་ ཆིབས་རྟ་ཨིནམ་སྦེ་ བརྩི་འཇོག་འབད་དོ་ ཡོདཔ་ཨིན་པས།
མཐའ་འཁོར་ལས་ རི་ཚུ་གིས་སྐོར་བའི་སྦུག་ལུ་ མཚོ་ཆགས་པའི་ ཤུལ་བཟུམ་ཡོད་སར་ ཨ་རིང་ཚུ་གིས་མཐའ་སྐོར་ཏེ་ ཁྱིམ་ཚུ་རྐྱབ་ཡོད་པའི་ རུ་ཁ་གཡུས་ཚན་གྱི་མགུ་ལུ་ བཞེངས་ཡོད་མི་ རུ་ཁ་ལྷ་ཁང་དེ་ནང་ ད་རུང་ དུང་དཀར་རྙིངམ་ཅིག་ ཡོད་མི་དེ་ཡང་ བྱིན་ཅན་ཅིག་ཨིནམ་སྦེ་ རྩིསཝ་ཨིན་པས།
དེ་ཡང་ རྒན་ཤོས་ཚུ་གིས་ སླབ་མིའི་ནང་ དུང་དཀར་དེ་ ཧེ་མ་ ཞབས་དྲུག་ངག་དབང་རྣམ་རྒྱལ་གྱིས་ ས་གནས་དེ་ཁ་ལས་ དུས་ཡུན་དག་པ་ཅིག་ རྐང་སྟོང་འགྱོ་དགོ་པའི་ རྒྱ་རུ་སྒང་ལྷ་ཁང་ནང་ ཁོ་རའི་ཕྱག་འཁར་ ས་གནས་དེ་ནང་ བཙུགས་གནང་པའི་ཤུལ་ལས་ དུང་དཀར་ཕོ་མོ་ཆ་གཅིག་ ཕུལ་ཡོད་ས་ལས་ མོ་དེ་ འཕུར་བྱོན་ཏེ་ རུ་ཁ་ལྷ་ཁང་ནང་ བཞུགས་ནུག་ཟེར་ཨིན་པས།
མ་གཞི་ གཡུས་མི་མང་ཤོས་ཀྱིས་ ད་ལྟོའི་ ལྷ་ཁང་མ་བཞེངས་པའི་ཧེ་མར་ ས་ཁོངས་དེ་ནང་ ཀཝ་༤ བརྡབས་ཞིནམ་ལས་ སྦ་ལེབ་ཀྱིས་སྐོར་ཏེ་བཟོ་མི་ སྦ་སྒོར་དེ་ནང་ དཔལ་ལྡན་ལྷ་མོའི་སྐུ་འདྲ་ རྡོ་དེ་དང་ དུང་དཀར་༢ མཇལ་བཞིན་དུ་ཡོད་ཟེར་ སླབ་སྲོལ་ཡོདཔ་ཨིན་པས།
ཨིན་རུང་ གཡུས་ཁའི་རྒན་ཤོས་ སྐྱེས་ལོ་༧༨ ལང་མི་ ཨང་རྒས་ཆོས་སྒྲོན་གྱིས་ འབད་བ་ཅིན་ མོ་ར་ ལོ་ན་ཆུང་ཀུ་སྦེ་སྡོད་པའི་སྐབས་ ས་གནས་དེ་ནང་ ལྷ་ཁང་སྦོམ་ཅིག་ ཡོདཔ་ད་ དེ་ནང་ ནང་རྟེན་གཞན་ཡང་ ལེ་ཤ་ཡོད་རུང་ ཚར་ཅིག་འབདཝ་ད་ ལྷ་ཁང་དེ་ མེ་མཆོད་བཞེས་པའི་སྐབས་ དེ་ཚུ་ཆ་མཉམ་ར་ ཐལ་བར་བརླགས་བཏང་ཡི་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ དུང་དཀར་དང་ ཆིབས་རྟའི་སྐུ་འདྲ་དེ་གི་ཐད་ལུ་ ཡ་མཚན་ཆེ་བའི་ ལོ་རྒྱུས་ཅིག་ཡོད་མི་དེ་ཡང་ ལྷ་ཁང་དེ་ མེ་མཆོད་བཞེས་པའི་སྐབས་ ནང་རྟེན་༢ པོ་ཆ་ར་ ལྷ་ཁང་ནང་ བཞུགས་ཡོདཔ་བཞིན་དུ་ དེ་བསྒང་གི་ མི་ཚུ་གིས་ མནོ་བསམ་ལུ་ རྟེན་ཚུ་ཡང་ མེ་མཆོད་བཞེས་ཡོད་པའི་ དོགས་སྣང་བསྐྱེད་རུང་ ཤུལ་ལས་ གཡུས་ཁའི་ནོར་རྫིཔ་ཅིག་གིས་ གཡུས་ཀྱི་སྦུག་ལུ་ ཐང་དགའ་ཏོག་ཏོ་ཅིག་ཡོད་མིའི་ནང་ ཆིབས་ཀྱི་སྐུ་འདྲ་དེ་ ཤིང་ཆུང་ཀུ་ཅིག་གི་གུ་ལུ་དང་ དུང་དཀར་དེ་ ཤིང་གི་རྩ་བར་ བཞུགས་ཡོདཔ་མཇལ་ཏེ་ གདན་ས་ལུ་ ལོག་བཞུགས་སུ་གསོལ་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ གཡུས་མི་ རྒན་ཤོས་ཚུ་གིས་བཤད་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཆིབས་རྟ་དེ་ དེ་བསྒང་ ཨ་ཐང་ཁ་ཐུག་ལུ་  རྒྱ་རི་སྒང་དཔོན་སློབ་ བཞུགས་ཡོད་མི་དེ་གིས་ རྒྱ་རི་བསྒང་ལྷ་ཁང་ནང་ ཞུ་བའི་སྐབས་ རུ་ཁ་ལས་ ཁ་མར་བལྟ་ཞུཝ་ད་ མི་ཕུད་རྡོག་གཅིག་གིས་ ཞུ་ཡོད་རུང་ ས་གནས་དེ་ཁ་ལས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་གི་ས་ཁར་ལྷོདཔ་ད་ ལྗིད་བཏགས་ཏེ་ ཐ་ན་ མི་བརྒྱད་ཀྱིས་འབག་རུང་ འབག་མ་ཚུགསཔ་ལས་ ལྷ་ཁང་དེ་ནང་ར་ ལོག་སྟེ་ཞུ་སྐྱེལཝ་ད་ སྔར་བཞིན་དུ་ ལྗིད་མེདཔ་ལས་ མི་ཅིག་གིས་ར་ འབག་ཚུགས་ནི་དེ་གིས་ ལུང་བསྟན་ཅན་གྱི་ ནང་རྟེན་ཅིག་ཨིནམ་སྦེ་ བརྩི་འཇོག་འབདཝ་ཨིན་པས།
ཁོང་གིས་ བཤད་མིའི་ནང་ ལྷ་ཁང་དེ་ནང་ ལོ་དག་པ་ཅིག་གི་ ཧེ་མ་ བླམ་ཆོསཔ་མེད་མི་ལུ་བརྟེན་ དཔའ་བོ་གིས་ ཆོས་པའི་ལུགས་ནང་ ཚོགས་ཕུལ་བའི་ཁར་ ལྷ་མོ་གསོལ་ནི་ཡོད་རུང་ ད་རེས་ནངས་པ་ མཚམས་འཇོག་ འབད་དེ་ཡོད་ཟེར་ཨིན་པས།
ད་རེས་ཀྱི་ ལྷ་ཁང་གསརཔ་དེ་ མི་དབང་རྒྱལ་ཡུམ་ ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ རུ་ཁ་གཡུས་ཚན་གྱི་ མི་སེར་ཚུ་གིས་ སྦུང་བསྒུལ་གྱི་ ཞབས་ཏོག་ཞུ་སྟེ་ བཞེངས་ཡོདཔ་ད་ གཡུས་སྒོའི་མི་སེར་ཚུ་གིས་ འབད་བ་ཅིན་ སྐྱབས་འཚོལ་སའི་ ལྷ་ཁང་ཅིག་ ཐོབ་ཚུགས་ནི་དེ་གིས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
ལྷ་ཁང་དེ་ནང་ ཧེ་མ་འབད་བ་ཅིན་ ནང་རྟེན་གནས་རྡོ་དང་ དཔལ་ལྡན་ལྷ་མོའི་ ཆིབས་རྟ་༢ མ་གཏོགས་ སྐུ་སྲུང་ཐུགས་རྟེན་ཚུ་ མེདཔ་ཨིན་རུང་ ད་རེས་ སྒེར་གྱི་སྦྱིན་བདག་ཅིག་གིས་ རྒྱུ་ཟངས་དམར་ལས་བསྒྲུབས་པའི་ སྟོན་པ་དང་ སྤྱན་རས་གཟིགས་ འཇམ་དཔལ་དབྱངས་ དེ་ལས་ རྟ་མགྲིན་གྱི་ སྐུ་འདྲ་༤ ཕུལ་ཡོདཔ་ཨིན་པས།
གཡུས་སྒོའི་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ནང་རྟེན་དེ་༢ ཀྱི་སྐུ་མདུན་ལུ་ ཕྱག་འཚལ་ཏེ་ སྨོན་ལམ་བཏབ་པ་ཅིན་ བསམ་པའི་དོན་ཚུ་ ཡིད་བཞིན་དུ་འགྲུབ་ཚུགསཔ་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment