གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེངས་མཁར་ དུང་དཀར་དགོན་པའི་རྒྱབ་ཁུངས།

༡༧/༨/༢༠༡༢   ༉ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ སྐྱབས་མགོན་ཞུ་སའི་ལྷ་ཁང་དང་ དགོན་པ་ལེ་ཤ་ ཡོད་པའི་གྲ་ལས་ཅིག་ སྐྱེངས་མཁར་ རྒེད་འོག་ལྟེ་བའི་ལྟག་ལུ་ རི་ཅིག་གུ་ ཤིང་རིགས་སྣ་ཚོགས་ཀྱིས་མཐའ་བསྐོར་ཏེ་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ཚུགས་མི་ དུང་དཀར་དགོན་པ་དེ་ཨིན་པས།
དུང་དཀར་དགོན་པ།


སྐྱེངས་མཁར་རྒེད་འོག་ནང་ འགྱོ་མི་ཚུ་གིས་ ས་གནས་བཱོག་ཕུ་ཟེར་མིའི་གུ་ ལྷ་ཁང་དེ་ མཇལ་བའི་སྐབས་ལུ་ སེམས་ཁར་ ཚོར་སྣང་ཚུ་ཡང་ མ་འདྲཝ་ཅིག་བྱུང་དོ་ཡོདཔ་ཨིན་པས།
རང་ལུགས་བཟོ་བཀོད་དང་ལྡན་པའི་ ཐོག་ཚད་༡ འབད་མི་ དགོན་པ་དེ་ནང་ ནང་རྟེན་གཙོ་བོ་ བཅུ་གཅིག་གཞལ་དང་ འཇམ་དཔལ་དབྱངས་ དེ་ལས་ ཕྱག་ན་རྡོ་རྗེ་ཚུ་ བཞུགས་སུ་གསོལ་ཡོདཔ་ད་ གཡས་གཡོན་ལུ་ ཆོས་སྐུ་ཀུན་ཏུ་བཟང་པོ་དང་ ཚེ་དཔག་མེད་ ཞབས་དྲུང་ གུ་རུ་རིན་པོ་ཆེ་ དེ་ལས་ ཉེ་བའི་སྲས་ཆེན་བརྒྱད་ཀྱི་ སྐུ་འདྲ་ཚུ་ ཡོདཔ་མ་ཚད་ རྒྱལ་བའི་གསུང་རབ་ཆེན་མོ་ ལ་སོགས་པའི་ སྐུ་གསུང་ཐུགས་ཀྱི་ ནང་རྟེན་རྩ་ཅན་ཚུ་ མང་རབས་ཅིག་ མཇལ་ནི་ཡོདཔ་ཨིན་པས།
སྐྱེངས་མཁར་གྱི་ གཡུས་མི་རྒན་ཤོས་ཚུ་གིས་ སླབ་མི་དང་འཁྲིལ་བ་ཅིན་ འབྲུག་ལུ་ སྔོན་དང་ཕུག་ལས་ ཡོངས་གྲགས་ཅན་ཅིག་སྦེ་ཡོད་པའི་ དུང་དཀར་དགོན་པ་༣ ཡོད་མི་ཚུ་ཡང་ ཆོས་རྒྱལ་རིམ་བྱོན་ཚུ་གི་གདན་ས་ ཀུར་སྟོད་དུང་དཀར་དགོན་པ་དང་ སྐྱེངས་མཁར་དུང་དཀར་དགོན་པ་ དེ་ལས་ པདྨ་དགའ་ཚལ་ མཁར་གཡུས་ཚན་ནང་ཡོད་པའི་ དུང་དཀར་དགོན་པ་༣ ཨིནམ་སྦེ་ བཤདཔ་ཨིན་པས།
དེ་ཡང་ སྔོན་དང་ཕུག་ སྐུར་སྟོད་དུང་དཀར་ལུ་ ཕོ་སྤུན་༣ ཡོད་པའི་གྲས་ལས་ ཆུང་ཤོས་དེ་ ཀུར་སྟོད་དུང་དཀར་ལུ་ བཞུགས་ཡོདཔ་ད་ བར་མ་དེ་གིས་ པདྨ་དགའ་ཚལ་ མཁར་དུང་དཀར་ལུ་བྱོན་ཡོདཔ་ དེ་ལས་ ཕོ་རྒནམ་སྦོམ་ཤོས་དེ་ སྐྱེངས་མཁར་དུང་དཀར་ལུ་ བྱོན་ཡོདཔ་ལས་ ཀུར་སྟོད་དུང་དཀར་ལས་རྟ་དྲང་སྟེ་ ལྷ་ཁང་ཚུ་གི་མཚན་ཡང་ དུང་དཀར་ཟེར་ དར་ཁྱབ་སོང་ནུག་ཟེར་ཨིན་པས།
མ་གཞི་ ཧེ་མ་འབད་བ་ཅིན་ ས་གནས་ཀྱི་མིང་ཡང་ སྐྱེངས་མཁར་ཟེར་མེན་པར་ གཅེན་མཁར་ཟེར་ཨིནམ་ད་ དེ་ཡང་ ཆོས་སྐད་ལས་ གཅེན་ཟེར་མི་དེ་ ཕོ་རྒནམ་དང་ མཁར་ཟེར་མི་དེ་ ཕོ་བྲང་ལུ་གོཝ་ཨིན་རུང་ ཤུལ་ལས་ སྒྲ་ཉམས་ཏེ་ ཡོངས་གྲགས་ལུ་ སྐྱེངས་མཁར་ཟེར་ དར་ཁྱབ་སོང་ནུག་ཟེར་ ལྷ་ཁང་གི་དཀོན་གཉེར་འབད་དེ་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་སོང་མི་ གནས་སྐོར་གྱིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ལྷ་ཁང་དེ་ འབྲུག་རྒྱལ་དང་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་གིས་ བཞེངས་གནང་ནུག་ཟེར་ཨིན་རུང་ ལྷ་ཁང་དེ་ ནམ་བཞེངས་ཡོདཔ་ཨིན་ན་དང་ ནང་རྟེན་བྱིན་ཅན་ཚུ་ ནམ་ཕུལ་ཡོདཔ་ཨིན་ན་གི་སྐར་ལས་ དུས་རབས་དང་སྦྲགས་ཏེ་ ཁ་གསལ་སྦེ་སླབ་མི་ཚུགས་དོ་ཡོདཔ་ཨིན་པས།
དེ་ཡང་ ལྷ་ཁང་གི་དཀོན་གཉེར་ཚུ་ གཡུས་ཁའི་སྒོམ་ཆེན་ཚུ་གིས་ བསྐོར་རྒྱབ་ཐོག་ འབད་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ད་རེས་ནངས་པར་ དུང་དཀར་དགོན་པའི་ལྷ་ཁང་གི་སྐོར་ལས་ མི་མང་ཤོས་ཅིག་གིས་ར་ མི་ཤེས་དོ་ཡོདཔ་ཨིན་རུང་ མ་འོངས་ལོ་དག་པ་ཅིག་གིས་ཤུལ་ལས་ ཡོངས་གྲགས་ཅན་ཅིག་ལུ་ འགྱུར་ནི་ལུ་ཐེ་ཚོམ་མེད་ཟེར་ཨིན་པས།
དེ་ཡང་ དགོན་པ་དེ་ཁར་ སྔོན་བྱོན་ཕ་མའི་བསྒང་ལས་ར་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་པའི་ རང་ཟླ་༥ པའི་ སྤྲེལ་ཟླ་ཚེས་བཅུ་དང་ རང་ཟླ་བཅུ་པའི་ཚེས་༡༥ ལུ་ ཚེས་བཅུ་ཅིག་ སྐུ་འཆམ་དང་བཅསཔ་སྦེ་ མི་མང་ལུ་མཇལ་ཁ་གནང་སྲོལ་ ཡོད་མི་ལུ་བརྟེན་ཏེ་ཨིན་ཟེར་ སྐྱེངས་མཁར་རྒཔོ་ ཀརྨ་རྡོ་རྗེ་གིས་ སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment