གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༤/༤/༢༠༡༣   ཁྲིམས་སྡེའི་རང་དབང་ལུ་ཧམ་འཛུལ? ༉ ཟླཝ་ཧེ་མའི་ནང་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་ཁྲོམ་ས་བགོ་བཀྲམ་འབད་མི་ ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ རང་སོའི་འགན་ཁུར་ཚུལ་མཐུན་མ་འབག་པའི་ བཙོན་ཁྲིམས་ལོ་རེ་བཀལ་མི་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གཞུང་གི་ལྷན་ཁག་དང་ ལས་ཁུངས་ གཙུག་སྡེ་ཚུ་ལུ་ སྤྱི་གཡོགཔ་དང་ ཞི་གཡོགཔ་ཚུ་ བཏོན་གཏང་དགོ་པའི་ ཡིག་ཚང་བཀའ་རྒྱའི་ ཡི་གུ་ཚུ་བསྐྱལ་ནུག།


རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ཀྱིས་གཙོས་པའི་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ ལས་༡༡ ཞི་གཡོགཔ་ཨིན་མི་ཚུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མོང་སྒར་གྱི་ འཁྲུན་ཆོད་བསྟར་སྤྱོད་ཐོག་ དགོངས་ཞུའི་ཐོབ་ལམ་ག་ནི་ཡང་མེད་པར་ དགོངས་གྲོལ་གཏང་དགོཔ་སྦེ་ ངན་ལྷད་ལྷན་ཚོགས་ཀྱི་ ཡི་གུའི་ནང་ གསལ་བཀོད་འབད་ནུག།
མ་གཞི་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ སྤྱི་གཡོགཔ་ཅིག་ལུ་ ཁྲིམས་འདུན་ལས་ ཉེས་ཁྲིམས་བཀལ་བ་ཅིན་ བདག་སྐྱོང་དང་འབྲེལ་བའི་ ངོས་ལེན་འབད་ཐབས་ལུ་ འབྲེལ་ཡོད་ལས་སྡེ་ལུ་ སྙན་ཞུ་འབད་ནི་གི་ དབང་ཚད་ཡོད་རུང་ རྒྱལ་པོའི་ཞིང་གི་ རྩོད་དོན་ནང་ ཁྲིམས་འདུན་ལས་མིན་པར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁེ་རྒུད་མ་བཏུབ་མི་ རྩོད་ཟླ་ཚུ་གི་ མཐོ་གཏུགས་འབད་ནི་གི་ དུས་ཚོད་མ་ཚངམ་ལས་ར་ སྤྱི་གཡོགཔ་ཚུ་ དགོངས་གྲོལ་གཏང་དགོ་པའི་ ཡི་གུ་བསྐྱལ་མི་དེ་ དྲང་ཁྲིམས་ལྷན་སྡེ་ལུ་ བརྩི་མཐོང་མ་བསྐྱེད་པའི་ཁར་ ལྷན་སྡེའི་རང་དབང་ལུ་ ཧམ་འཛུལ་འབད་དོ་བཟུམ་ཅིག་ གསལ་སྟོན་འབདཝ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ རྒྱལ་པོའི་ཞིང་གི་ རྩོད་གཞི་དེ་ མཇུག་མ་བསྡུ་བར་ རྩོད་བཤེར་འབད་བཞིན་དུ་ཡོད་པའི་ཁར་ རྩོད་ཟླ་ཚུ་གི་ ཁ་ཐུག་ལས་འབད་རུང་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ དུས་ཐོག་ལུ་ མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་ཡོདཔ་ལས་ དགོངས་གྲོལ་གྱི་ བཀའ་རྒྱ་བཏོན་མི་དེ་ ཁྲིམས་ལུགས་ལས་འགལ་བའི་ ལག་ལེན་ཅིག་ཨིནམ་སྦེ་ ཁྲིམས་དོན་མཁས་པ་ཚུ་གིས་ སླབ་ཨིན་མས།
ཨིན་རུང་ འདི་བཟུམ་བྱུང་མི་དེ་ གཙོ་བོ་ར་ བྱ་སྒོའི་ལམ་ལུགས་ཧ་མ་གོཝ་ལས་བརྟེན་ འོང་ནི་ཨིནམ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་གི་ རྩོད་དོན་དེ་ མཇུག་མ་བསྡུ་བར་ རྩོད་ཟླ་ཚུ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ ཤེས་བཞིན་དུ་ དགོངས་གྲོལ་གྱི་ ཡི་གུ་བསྐྱལ་མི་དེ་ གནད་དོན་ག་ཅི་ཨིན་ན?
ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ ཁྲིམས་འདུན་ཚུ་ནང་ཡང་ ཁྲིམས་ལུགས་བསྟར་སྤྱོད་ཆ་མཐུན་མེད་མི་དེ་ཡང་ ཐོག་མའི་ཁྲིམས་འདུན་ལ་ལུ་ཅིག་གིས་ ཉེས་ཁྲིམས་ཀྱི་ འཁྲུན་ཆོད་གནངམ་དང་གཅིག་ཁར་ ཉེས་འཛུགས་ཅན་དེ་ ཐད་ཀར་དུ་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་ཐོག་ལས་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ བཙོན་ཁང་ནང་ལས་ མཐོ་གཏུགས་འབད་དགོཔ་སྦེ་ ཁྲིམས་ཀྱི་བཀའ་རྒྱ་གནང་ནི་ཡོདཔ་ཨིན་རུང་ རྩོད་དོན་ལ་ལུ་ཅིག་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ལྷོདཔ་ད་ རྒྱབ་མི་བཙུགས་ཐོག་ལས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ སྡོད་མ་དགོ་པར་ བཏངམ་ཨིན་མས།
འདི་བཟུམ་སྦེ་ ཆེ་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་པ་དེ་ བཙོན་ནང་བཙུགས་པའི་ཤུལ་ལས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབདཝ་ད་ ད་རུང་ དོ་དམ་འོག་ལས་ གཏང་ནི་ཡང་ཡོདཔ་ཨིན་མས།
འདི་འབདཝ་ལས་ ཁྲིམས་འདུན་ཚུ་གིས་ ཁྲིམས་ཡིག་གཅིག་མཚུངས་སྦེ་ ལག་ལེན་འཐབ་ནི་དང་གཅིག་ཁར་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཚུ་གིས་ཡང་ ལྷན་སྡེ་གཞན་ཚུ་ནང་ ཧམ་འཛུལ་འབད་ནི་མེད་པའི་ ཐབས་ལམ་ཚུ་ བཏོན་ནི་དེ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment