གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕམ་མཁར་ཆུ་གིས་ འཕྱགས་བདའ་མི་ ཕོ་སྐྱེས་ཀྱི་རོ་ འཚོལ་མ་ཐོབ།

༡༨/༠༥/༢༠༡༣  ༉ སྤྱི་ཟླ་༥ པའི་ཚེས་༡༢ ཀྱི་ ཕྱི་རུ་ཁམས་ཅིག་ཁར་ གཞལམ་སྒང་རྫོང་ཁག་ ཤིང་མཁར་རྒེད་འོག་གི་ ཐེ་རང་ཟེར་ས་ལུ་ ལྕམ་མཁར་ཆུ་གིས་ འཕྱགས་བདའ་མི་ ཕོ་སྐྱེས་ཀྱི་རོ་དེ་ ཐོབ་མ་ཚུགས་མི་ལུ་བརྟེན་ འཚོལ་ནིའི་ལཱ་ཚུ་ བཤོལ་བཞག་འབད་ཡོདཔ་ཨིན་པས།


ཤིང་མཁར་དམངས་མི་ བསོད་ནམས་དར་རྒྱས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཀྱི་ སྤུན་ཆ་ཚུ་འོང་སྟེ་ ཉེ་འདབས་ཀྱི་ མི་ཚུ་དང་གཅིག་ཁར་ ཉིནམ་དག་པ་ཅིག་ གཙང་ཆུའི་མཐའམ་བདའ་སྟེ་ འཚོལ་ཡོད་རུང་ ཐོབ་མ་ཚུགསཔ་ལས་ ཁ་ཙ་ ལོག་གཡུས་ཁར་སོང་ཡི་ཟེར་ཨིན་པས།
དམངས་མི་གིས་འབད་བ་ཅིན་ རྐྱེན་ངན་དེ་གི་སྐོར་ལས་ གཞལམ་སྒང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྙན་ཞུ་བསྡུ་སྒྲིག་འབད་ཡོད་རུང་ ཉེ་ཚན་དང་ གཡུས་མི་དག་པ་ཅིག་གིས་ ཆ་རོགས་འབད་དེ་ ཉིམ་གཞོང་གཡུས་མཇུག་ཚུན་ འཚོལ་ཡོད་རུང་ ཐོབ་མ་ཚུགས་པས་ཟེར་ཨིན་པས།
དེ་མ་ཚད་ ལམ་སེལ་མི་འཕྲུལ་ཆས་ ཨེཀསི་ཀེ་ཝེ་ཊར་དེ་ཡང་ བཏོན་མ་ཚུགས་པར་ གཙང་ཆུའི་ནང་ར་ཐིམ་ཡོདཔ་ད་ ཡུ་པི་སི་ལས་སྡེའི་ཇོ་བདག་ ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཕྲུལ་ཆས་དེ་ དངུལ་ཀྲམ་འབུས་༧༥ སྤྲོད་དེ་ གསརཔ་ཉོ་ཉོཝ་ཨིན་རུང་ བཏོན་མི་ཚུགས་ནི་བཟུམ་འདུག་ཟེར་ཨིན་པས།
ཁོ་གིས་ གཙང་ཆུ་དེ་ སྦོམ་ཡོདཔ་ལས་ འཕྲུལ་ཆས་བཏོན་སའི་ལམ་ར་མིན་འདུག་ཟེར་ཨིན་རུང་ འཕྲུལ་ཆས་དེ་ ཉེན་བཅོལ་ལས་འཛིན་དང་གཅིག་ཁར་ ཉེན་བཅོལ་འབད་ཡོད་ཟེར་ཨིན་པས།
ཚེ་འདས་ཀྱི་ཕུངམ་ འཚོལ་ནི་གི་དོན་ལུ་ ཁོ་རའི་ཕོ་རྒནམ་གཉིས་དང་ ཨ་ཞེམ་ཅིག་འོང་ཡོདཔ་ལས་ ཁོང་བསམ་པ་རྫོགས་ནིའི་དོན་ལུ་ ཉིནམ་ཕྱེད་ཀ་ཅིག་འཚོལ་རུང་ ཐོབ་མ་ཚུགས་ཟེར་ཨིནམ་ད་ ཕུན་ཚོགས་ཀྱིས་ རྒུད་འཐུས་སྦེ་ ཚེ་འདས་ཀྱི་རྟིང་བདའ་ དགེ་བ་དགེ་རྩ་གི་དོན་ལུ་ དངུལ་ཀྲམ་༧༠,༠༠༠ སྤྲོད་ཅི་ཟེར་ཨིན་པས།
ས་གནས་ཀྱི་མི་ཚུ་ལུ་ ཕུངམ་དེ་ ནམ་ཐོབ་སྟེ་འབད་རུང་ སྙན་ཞུ་འབད་དགོཔ་སྦེ་ སླབ་ཡོད་ཟེར་ཨིནམ་ད་ ཚེ་འདས་དེ་ པདྨ་དགའ་ཚལ་རྫོང་ཁག་ གཡུས་ན་ནོང་ལས་ཨིན་པས།
དམངས་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ཡང་ ཕྱི་རུ་ཁམས་ཅིག་ཁར་ ཤིང་མཁར་རྒེད་འོག་ལྟེ་བའི་དོན་ལུ་ སོ་ནམ་ཞིང་ལམ་ སེལ་བའི་བསྒང་ཡོད་མི་གི་དོན་ལུ་ ལཱ་འབད་ནི་སྦེ་ གླ་ཁར་ལེན་མི་ ས་བརྐོ་འཕྲུལ་ཆས་དེ་ ལྕམ་མཁར་ཆུའི་ཕར་ཁ་ འགྱོ་ནིའི་དཔའ་བཅམ་པའི་སྐབས་ གཙང་ཆུ་གི་རྫིང་ནང་འགྱེལ་འགྱོཝ་ད་ ཚེ་འདས་དེ་ གཙང་ཆུ་གིས་ འཕྱག་བདའ་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་པའི་སྐབས་ ལས་མི་ཆ་རོགས་གཞན་ཚུ་ཡོད་པའི་ཁར་ འཕྲུལ་ཆས་ཀྱི་ ཇོ་བདག་དེ་ཡང་ ཡོདཔ་ཨིན་རུང་ གཙང་ཆུ་དེ་ ད་ལྟོ་ཡང་ མི་གིས་ བརྒལ་འགྱོ་མ་ཚུགས་ནི་དེ་གིས་ སྲོག་སྐྱབས་ཀྱི་ལཱ་ཚུ་ ག་ནི་ཡང་འབད་མ་ཚུགསཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༠ ལུ་ ལམ་སེལ་གྱི་ ས་བླངས་རྟེན་འབྲེལ་འབད་དེ་ ལཱ་འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

                                                                                 བཀྲ་ཤིས་བསྟན་འཛིན།

No comments:

Post a Comment