གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་སྨད་ཀྱི་ སྤྱིར་བཏང་གྲོས་འཛོམས་ལུ་ མི་སེར་གྱི་བསམ་ལེན།

༢༡/༥/༢༠༡༣   ༉ ཁ་ཙ་ ལྷོ་ཕྱོགས་ཐིམ་ཕུ་གི་ འདེམས་ངོ་ཚུ་གི་ སྤྱིར་བཏང་གྲོས་འཛོམས་དེ་ མཁའ་ས་གྲབ་ཅུ་ འབྲིང་རིམ་སློབ་གྲྭ་བར་མའི་ སྤྱི་དོན་ཁང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ འདེམས་ངོ་༤ གིས་ ཁས་བླངས་གསལ་བསྒྲགས་རྐྱངམ་གཅིག་ འབདཝ་མ་གཏོགས་ མི་སེར་དང་འབྲེལ་བའི་ དཀའ་ངལ་བསལ་ནིའི་སྐོར་ལས་ སྲིད་ཚོགས་ཀྱི་འདེམས་ངོ་ གཅིག་གིས་ཡང་ སླབ་ནི་མིན་འདུག་ཟེར་ཨིན་པས།


འདེམས་ངོ་ཚུ་གིས་ ད་ལྟོ་ ཁས་བླངས་གསལ་བསྒྲགས་མང་རབས་ཅིག་ འབད་དོ་ཡོདཔ་ཨིན་རུང་ ཤུལ་ལས་ ཚོགས་རྒྱན་བཙུགས་ཏེ་ གདམ་འཐུ་འགྲུབ་ཞིནམ་ལས་ ཁོང་གིས་ ཁས་བླངས་འབད་མི་ཚུ་ འགྲུབ་ཚུགས་འོང་ག་ཟེར་བའི་ དོགས་པ་ཟཝ་མས་ཟེར་ ས་གནས་ཀྱི་ མི་སེར་ཚུ་གིས་ བཤདཔ་ཨིན་པས།
མི་སེར་ སྡེ་ཚན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་གྲོས་འཛོམས་འཚོགས་པའི་སྐབས་ལུ་ མི་སེར་ཚུ་གིས་ འདེམས་ངོ་ཚུ་ལུ་ དྲི་བ་བཀོད་མ་ཆོགཔ་ལས་ རང་གིས་མནོ་མི་ཚུ་ སླབ་མ་ཚུགས་ནི་དེ་གིས་ ངལ་རངས་ བྱུང་མི་ཚུགས་པས་ཟེར་ཨིན་པས།
མཁའ་རི་ཕུག་གཡུས་ཚན་ལས་ སྐྱེས་ལོ་༣༣ ལང་མི་ བསྟན་འཛིན་གྱིས་ སླབ་མིའི་ནང་ ས་གནས་ནང་གི་ མི་སེར་ཚུ་ལུ་ དཀའ་ངལ་ཆེ་ཤོས་ཅིག་ ས་གཏེར་གྱི་ལཱ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ མཁའ་རི་ཕུག་གི་ རོང་ཆུ་དེ་ མི་སྦོམ་ཚུ་གིས་ བརྒལ་རུང་བརྒལ་མ་ཚུགསཔ་སྦེ་ཡོད་མི་དེ་ ད་རེས་འབད་བའི་བསྒང་ལས་ ཆུ་སྐམ་སོང་སྟེ་ ཨ་ལུ་ཆུང་ཀུ་ཅིག་གིས་ཡང་ བརྒལ་ཚུགས་པས་ཟེར་ཨིན་པས།
རོང་ཆུ་སྐམ་འགྱོ་བའི་བསྒང་ལས་ ལོ་ཐོག་ནང་དཔག་ནིའི་ ཆུ་མེདཔ་མ་ཚད་ འཚོ་བ་གཙོ་བོ་ སོ་ནམ་ལུ་བརྟེན་སྡོད་མིའི་ མི་སེར་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ ཐོན་དོ་ཟེར་ཨིན་པས།
ལོ་ཐོག་ནང་ ཆུ་རྐྱངམ་གཅིག་མེན་པར་ འཐུང་ཆུ་མ་ལང་པའི་དཀའ་ངལ་ཚུ་ཡང་ ལོ་གཅིག་བ་ལོ་གཅིག་ ཡར་སེང་འགྱོ་དོ་ཡོདཔ་ལས་ དེ་ཚུ་ག་ར་ ས་གཏེར་གྱི་ ལཱ་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས།
ཝང་སི་སི་ནང་གི་ཚོགས་པ་ སྐྱེས་ལོ་༦༤ ལང་མི་ ཉིམ་རྡོ་རྗེ་གིས་ འབད་བ་ཅིན་ གཞུང་གིས་ ཨ་རྟག་ར་ ང་བཅས་རའི་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་དེ་ བདག་འཛིན་འཐབ་དགོ་པའི་སྐོར་ལས་ སླབ་སྡོདཔ་མས་ཟེར་ཨིན་རུང་ རྒྱལ་ཁབ་ནང་ ས་གཏེར་གྱི་ལཱ་ཚུ་ བཀག་ཆ་མ་འབད་བ་ཅིན་ དེ་གིས་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་ལུ་ གནོད་པ་གིས་མ་ཚད་ མི་སེར་གྱི་ གཟུགས་ཁམས་ འཕྲོད་བསྟེན་ལུ་ཡང་ གནོད་པ་སྦོམ་འོང་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ ད་ལྟོའི་ འདེམས་ངོ་ཚུ་གིས་ དབུལ་ཕོངས་ཀྱི་དཀའ་ངལ་ བསལ་ནི་དང་ ས་གནས་གཞུང་ལུ་ དབང་ཚད་སྤྲོད་ནི་ ལམ་གྱི་གནས་སྟངས་ཡར་དྲག་གཏང་ནི་གི་ལཱ་ ལེ་ཤ་ཅིག་ར་ ཁས་བླངས་འབད་དེ་ཡོད་ཟེར་ཨིན་རུང་ རྒྱལ་ཁབ་ནང་ ས་གཏེར་གྱི་གནད་དོན་དང་འབྲེལ་བའི་ བཀག་ཆ་འབད་ནི་དེ ཁག་ཆེ་བས་ཟེར་ཨིན་པས།
བསྟན་འཛིན་གྱིས་ བཤད་མིའི་ནང་ ས་གཏེར་གྱི་ལཱ་འབད་ནི་ འགོ་བཙུགས་ཞིནམ་ལས་ མི་སེར་ཚུ་གིས་ སྤྱོད་དེ་ཡོད་མིའི་ འཐུང་ཆུ་དེ་ བཙོག་པ་བཟོ་དོ་ཡོདཔ་ལས་ འདི་ཚུ་ གཞུང་གི་ཁ་ཐུག་ལས་ བརྟག་དཔྱད་མི་འབད་བས་ཨིན་པས།
ཚོགས་པ་ ཉིམ་རྡོ་རྗེ་གིས་ བཤད་མིའི་ནང་ འདས་པའི་གྲོས་འཛོམས་ནང་ལུ་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་  ཡེ་ཤེས་སྦྱིན་པ་གིས་འབད་བ་ཅིན་ གཞུང་གི་བུ་ལོན་ཡོད་མི་ལུ་ ཁྱེད་མི་སེར་ཚུ་ ཚ་གྱང་ལང་ར་མི་དགོ་ཟེར་ སླབ་མ་ཚད་ གལ་སྲིད་ བུ་ལོན་མ་ལེནམ་འདྲཝ་ཅིག་འབད་བ་ཅིན་ གོང་འཕེལ་གྱི་ལཱ་ཚུ་ འབད་མི་ཚུགས་ཟེར་སླབ་མས་ཟེར་ཨིན་པས།
ཧེ་མའི་གཞུང་གིས་ བུ་ལོན་ ལེན་མི་དེ་གློག་མེ་ལས་འགུལ་ཚུ་ནང་ བཏང་ཡོདཔ་ལས་ མ་འོངས་པ་ནང་ གློག་མེ་ལས་འགུལ་ལུ་བརྟེན་ འོང་འབབ་བཟོ་བའི་བསྒང་ལས་ བུ་ལོན་ལོག་སྤྲོད་ཚུགས་ནི་ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ འོང་འབབ་ལས་བརྟེན་ རང་འཚོ་རང་ལྡང་སྦེ་སྡོད་ཚུགས་ཟེར་སླབ་མས་ཟེར་ ཚོགས་པ་གིས་བཤདཔ་ཨིན་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

No comments:

Post a Comment