གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་བྱག་རམ་མི་ཚུ་ དུས་ཅི་ གནམ་བྱཱར་མ་ཐོནམ་ལས་ ལོག་རྐྱབ་ནི།

༢/༡/༢༠༡༣   སློབ་ཕྲུག་ཚུ་གི་དོན་ལུ་ ཨོ་མོ་ཆུའི་གུ་ལས་ རྐང་ཟམ་ཅིག་ རྐྱབ་དོ་ཡོད་མི་དེ་ཡང་ བརྟན་ཏོག་ཏོ་ ག་དེ་སྦེ་འོང་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
༉ ཕུན་ཚོགས་གླིང་ ཨོ་མོ་ཆུའི་ཉེ་འདབས་ལུ་ སྡོད་མི་ཚུ་གིས་འབད་བ་ཅིན་ ན་ཧིང་ སྤྱི་ཟླ་༦ པ་དེ་ཅིག་ཁང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཨོ་མོ་ཆུའི་ གཡས་ཕྱོགས་ལུ་ཡོད་པའི་ ཆུ་བྱག་དེ་ རམ་ཡོད་རུང་ ད་ལྟོའི་བར་ན་ཡང་ གྱང་རྩིག་ལོག་རྐྱབ་མི་ མ་ཐོན་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ གནམ་བྱཱར་གྱི་ཆརཔ་ལུ་བརྟེན་ རམ་སོང་མི་ ཨོ་མོ་ཆུའི་ཆུ་བྱག།


ཨོ་མོ་ཆུའི་མཐའམ་བདའ་སྟེ་ ལམ་འགྱོ་མི་ཚུ་གིས་ སླབ་མིའི་ནང་ ཤིང་དང་སྦྲགས་ཏེ་ ཆུ་བྱག་ཁག་༢ ཧིང་སངས་ས་སྦེ་ རམ་མི་ཚུ་ མ་འཇའ་སི་སི་སྦེ་ མཐོངམ་མ་ཚད་ དེ་གི་ལྟག་ལུ་ཡོད་པའི་ མི་ལམ་ཚུ་ཡང་ ཆད་འགྱོ་ནི་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།
གཙང་ཆུ་བྲེས་པའི་སྐབས་ ཆུ་བྱག་འོག་གི་ས་ཚུ་ འཕྱགས་བདའ་མི་ལུ་བརྟེན་ རྩི་ས་གིས་ བཟོ་བཀོད་འབད་མི་ ཆུ་བྱག་ཆ་ཤས་ཅིག་ རམ་ཡོདཔ་ད་ ས་གནས་ནང་སྡོད་མི་ཅིག་གིས་འབད་བ་ཅིན་ དེ་བསྒང་ གནམ་བྱཱར་འབད་ནི་དེ་གིས་ དེ་འཕྲོ་ལས་ ལོག་སྟེ་བཟོ་སྐྲུན་འབད་མ་ཚུགསཔ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
སྐྱེས་ལོ་༤༥ འབད་མི་ ཚེ་རིང་རྒྱ་མཚོ་གིས་ སླབ་མིའི་ནང་ གནས་སྟངས་དེ་ལུ་བརྟེན་ ཁོང་ཆ་ཁྱབ་ལུ་ སྤྱི་ལོ་༢༠༡༢ ཀྱི་ གནམ་བྱཱར་གྱི་སྐབས་ གནོད་སྐྱོན་ག་ཅི་ཡང་ མ་བྱུངམ་ཨིན་རུང་ དུས་ཅི་ ཉེན་ཁ་འོང་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
དེ་ལུ་ ཁྲོམ་སྡེ་གིས་ ཐབས་ལམ་ཚུ་ བཏོན་འོང་མནོ་བའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ རམ་འགྱོ་མི་ཆུ་བྱག་ཚུ་ མཐོང་མཐོངམ་བཟུམ་ཅིག་ཡང་ མི་ཚོར་བས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ གཞན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨོ་མོ་ཆུ་གིས་ སྤྱི་ལོ་༢༠༠༠ དེ་ཅིག་ཁར་ ཕུན་ཚོགས་གླིང་ ཁྲོམ་འོག་མའི་ནང་ཡོད་མི་ ཚོད་བསྲེ་ཁྲོམ་དེ་ཡང་ འཕྱགས་བདའ་ཡོདཔ་ལས་ དེ་བཟུམ་མའི་རྐྱེན་ངན་ཚུ་ མ་བྱུང་བའི་ཧེ་མ་ལས་ ཁྲོམ་སྡེ་གིས་ ཉེན་སྲུང་གི་ཐབས་ལམ་ཚུ་ བཏོན་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
ས་གནས་ཀྱི་ མི་སེར་མང་ཤོས་ཅིག་གིས་ ཆུ་བྱག་གི་གནས་སྟངས་ཚུ་ དེ་སྦེ་ར་ལུས་པ་ཅིན་ མི་སེར་ཚུ་དང་ དམིགས་བསལ་དུ་ སློབ་ཕྲུག་ཚུ་གི་དོན་ལུ་ ཨོ་མོ་ཆུའི་གུ་ལས་ རྐང་ཟམ་ཅིག་ རྐྱབ་དོ་ཡོད་མི་དེ་ཡང་ བརྟན་ཏོག་ཏོ་ ག་དེ་སྦེ་འོང་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
ས་གནས་ནང་ལས་ སློབ་གྲྭ་ནང་འགྱོ་མི་ ཨ་ལུ་ལེ་ཤ་ཅིག་གིས་ར་ ལམ་དེ་བདའ་སྟེ་ འགྱོ་དོ་ཡོདཔ་ལས་ མི་ལམ་དེ་ཡང་ ཉེན་སྲུང་དང་ལྡན་ཏོག་ཏོ་ཅིག་ འོང་ག་མནོ་བའི་ དོགས་པ་ཡོད་ཟེར་ ལས་འཛིན་གྱི་ ལས་བྱེདཔ་ཅིག་གིས་སླབ་ཅི།
ཨོ་མོ་ཆུ་གི་ ཉེ་འདབས་ལུ་སྡོད་མི་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ གནམ་བྱཱར་གཙང་ཆུ་བྲེས་པའི་སྐབས་ གཙང་ཆུའི་སྐད་ཚུ་ཡང་ འདྲོག་སི་སི་སྦེ་ རྐྱབ་དོ་ཡོདཔ་མ་ཚད་ མོ་རའི་ཁྱིམ་ནང་ལས་ ཆུ་བྱག་རྦོབ་རིལ་མི་ཚུ་ ཨ་རྟག་ར་ མཐོང་བའི་སྐབས་ སེམས་ལུ་འཇིགས་སྣང་ སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ མ་གཞི་ ཆུ་བྱག་ཚུ་ ལོག་རྐྱབ་དགོཔ་ཡོདཔ་ཨིན་རུང་ ད་རེས་ མི་སེར་ཚུ་གིས་ ཚ་གྱང་ལང་དོ་བཟུམ་མའི་ ཉེན་ཁ་སྦོམ་མེད་ཟེར་སླབ་ཅི།
འགོ་དཔོན་གཞན་ཅིག་གིས་ སླབ་མིའི་ནང་ ཆུ་བྱག་ལོག་རྐྱབ་ནིའི་ལཱ་ཚུ་ ཁག་འབགཔ་ལུ་སྤྲོད་དགོཔ་ལས་ དུས་ཡུན་དུམ་གྲ་ཅིག་ འགོར་ནི་ཨིན་པའི་ཁར་ ལཱ་དེ་གི་དོན་ལུ་ མཁས་མཆོག་ཚུ་ཡང་ ལེ་ཤ་ཅིག་དགོཔ་ལས་ དེ་འཕྲོ་ལས་ ལོག་རྐྱབ་མ་ཚུགས་ཟེར་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ཡེ་ཤེས་དངོས་གྲུབ་ཀྱིས་འབད་བ་ཅིན་ མི་སེར་ཚུ་ ཚ་གྱང་ལང་མི་དེ་ བདེན་ནི་ཨིན་རུང་ ཁྲོམ་སྡེ་ནང་ མ་དངུལ་ལངམ་སྦེ་ མེད་མི་ལུ་བརྟེན་ ཆུ་བྱག་ལོག་རྐྱབ་ནིའི་ལཱ་ཚུ་ འབད་མ་ཚུགས་ཟེར་ཨིནམ་ད་ ད་རེས་ ཁྲོམ་སྡེའི་ནང་ ཉམས་བཅོས་ཀྱི་ལཱ་ཚུ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥ ལས་བརྒལ་ མེད་ཟེར་ཨིན་པས།
ཨིན་རུང་ དུས་ཅི་ གནམ་བྱཱར་མ་རནམ་ལས་ ཆུ་བྱག་ཚུ་ ལོག་རྐྱབ་ནི་ཨིན་ཟེར་ སླབ་ཡོདཔ་མ་ཚད་ ཆུ་བྱག་ཚུ་ མགྱོགས་དྲགས་སྦེ་ རྐྱབ་ནིའི་དོན་ལུ་ ལཱ་དེ་ ཁག་འབགཔ་ལུ་ སྤྲོད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་མའི་ གྱང་རྩིག་ཚུ་ རྩི་ས་རྐྱངམ་གཅིག་ ལག་ལེན་འཐབ་སྟེ་ བཟོ་བཀོད་འབད་ཡོདཔ་ལས་ གསརཔ་རྐྱབ་པའི་སྐབས་ ཤུགས་ཚད་དང་ལྡནམ་བཟོ་ནིའི་དོན་ལུ་ རྩི་ས་ཚུ་ གཞན་མི་རྒྱུ་ཆས་ཚུ་དང་ སླ་བསྲེས་ཏེ་བཟོ་ནི་ ཨིན་ཟེར་ཨིན་པས།
ད་རེས་བཟུམ་སྦེ་ ཤུལ་ལས་ ཆུ་བྱག་གཞན་ཚུ་ཡང་ རམ་འགྱོ་བ་ཅིན་ མི་འགྱོ་སའི་ཟམ་དེ་ཡང་ རམ་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ སྒྲིང་སྒྲིང་སྦེ་བཟོ་དགོཔ་དེ་ གལ་ཆེ་དྲགས་ཨིན་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་གཙོ་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ན་ཧིང་ ཆུ་བྱག་གི་ཆ་ཤས་ཅིག་ རྦོལ་རིལ་སོང་མི་དེ་མ་གཏོགས་ ཧེ་མ་ ཆུ་རུད་ཀྱིས་ ཕུན་ཚོགས་གླིང་གི་ ཚོད་བསྲེ་ཁྲོམ་ འཕྱགས་བདའ་བའི་སྐབས་ ཆུ་བྱག་དེ་ལུ་ གནོད་སྐྱོན་ག་ཅི་ཡང་ མ་བྱུང་ཟེར་ཨིན་པས།
ཨིན་རུང་ མ་དངུལ་མ་ལང་པའི་ དཀའ་ངལ་ཡོད་མི་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༢ པའི་ནང་ བསྒྲུབ་ནི་ཨིན་མི་ མི་འགྱོ་སའི་ཟམ་དེ་གི་འོག་ལུ་ གྱང་རྩིག་ཚུ་ རྐྱབ་མི་ཚུགས་ནི་མས་ཟེར་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment