སློབ་སྟོན་ལས་རིམ་དེ་ཡང་ རྫོང་ཁག་དང་ ས་གནས་ཁག་ཚུ་ནང་འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ བཀྲིས་སྒང་བཀང་ལུང་ ཡང་ན་ རང་འབྱུང་ལུ་ སྤྱི་ཟླ་༡ པའི་ཚེས་༡༥ ལས་༢༠ ཚུན་དང་ དགེ་ལེགས་ཕུག་ ཕུཊ་བཱོལ་རྩེད་ཐང་ནང་ སྤྱི་ཟླ་༡ པའི་ཚེས་༢༢ ལས་༢༦ ཕུན་ཚོགས་གླིང་ ཕུཊ་བཱོལ་རྩེད་ཐང་ནང་ སྤྱི་ཟླ་༡ པའི་ཚེས་༢༨ ལས་ སྤྱི་ཟླ་༢ པའི་ཚེས་༠༡ ཚུན་ དེ་ལས་ ཐིམ་ཕུ་གླང་རྒྱུག་ཕར་ཁ་ལུ་ སྤྱི་ཟླ་༢ པའི་ཚེས་༠༣ ལས་༠༨ ཚུན་ ཉིན་གྲངས་༥ འི་རིང་འགོ་འདྲེན་འཐབ་ནི་ཨིན་པས།
འདི་གི་དོན་ལུ་ མདའ་རྩེད་འགྲན་འབད་ནི་ལུ་ སྤྲོ་བ་དང་ དང་འདོད་ཡོད་མི་ འབྲུག་པའི་ན་གཞོན་སློབ་ཕྲུག་དང་ ཤེས་ཡོན་མེད་མི་ཚུ་གིས་ འབྲེལ་བ་ཡོད་པའི་ རྫོང་ཁག་དང་ ས་གནས་ནང་ ཐོ་བཀོད་འབད་དགོཔ་ཨིན་པས།
འབྲུག་མདའ་རྩེད་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སློབ་སྟོན་ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ རང་ལུགས་སྤག་ཤིང་གི་གཞུ་དང་ ཕྱི་རྒྱལ་མདའ་གཞུ་ཐོག་ལས་མེན་པར་ ཨོ་ལིམ་པིག་མདའ་གཞུ་ཟེར་ རི་ཀབ་ཐོག་ལུ་སྦེ་ སློབ་སྦྱོང་བྱིན་ནི་ཟེར་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་དང་འབྲེལ་ བཅའ་མར་གཏོགས་མི་ཚུ་གི་གྲས་ལས་ སྦྱོང་བརྡར་ལེགས་ཤོམ་འབད་ཚུགས་མི་དང་ རིག་རྩལ་ཅན་ ལྕོགས་གྲུབ་ཅན་ སྒྲིག་ལམ་རྣམ་གཞག་ལུ་ བརྩི་མཐོང་སྦོམ་ཡོད་མི་ མདའ་གི་སྐོར་ལས་ ལྷབ་སྦྱང་འབད་ནི་ལུ་ བརྩོན་ཤུགས་སྦོམ་བསྐྱེད་མི་ དེ་ལས་ ལག་རྩལ་ལེགས་ཤོམ་ཡོད་མི་ཚུ་ གདམ་འཐུ་འབད་ནི་ཨིནམ་བཞིན་དུ་ གདམ་འཐུ་འབད་མི་ཚུ་ ཤུལ་ལས་ རྒྱལ་ཡོངས་མདའ་རྩེད་ཚོགས་སྡེའི་ རྩེད་འགྲན་པ་སྦེ་ བཞག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
བཙག་འཐུ་གྲུབ་པའི་ཤུལ་ལུ་ འཛམ་གླིང་རྒྱལ་སྤྱི་ནང་ འབྲུག་རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ བཅའ་མར་གཏོགས་ཚུགས་ནིའི་ གོ་སྐབས་ཡོདཔ་བཞིན་དུ་ རྒྱལ་ཡོངས་མདའ་རྩེད་པའི་ མི་ངོ་སྦེ་བཙག་འཐུ་འབད་མི་ཚུ་ལུ་ དངུལ་ཕོགས་དང་ འཐོབ་ཁུངས་གཞན་ཚུ་ཡང་ བྱིན་ནི་ཟེར་ཨིན་པས།
བཙག་འཐུ་གྲུབ་མིའི་མི་ངོ་ལུ་ འགོ་བཙུགས་ཀྱི་ དངུལ་ཕོགས་དངུལ་ཀྲམ་༡༥,༠༠༠ དུས་ཡུན་ ཟླ་ངོ་༦ གི་རིང་ལུ་བྱིན་ནི་དང་ དེ་གི་ཤུལ་ལས་ རང་སོའི་ལྕོགས་གྲུབ་དང་འཁྲིལ་ ཡར་སེང་འབད་ནི་ཨིན་པའི་ཁར་ ཕྱི་རྒྱལ་ལས་ཕར་ རྩེད་འགྲན་དང་ སྦྱོང་བརྡར་འབད་ནིའི་ཟད་འགྲོ་ཚུ་ འབྲུག་མདའ་རྩེད་ཚོགས་སྡེ་གིས་བྱིན་ནི་ཨིན་པས།
མོ་ངོ་དེ་གིས་ ཕྱི་རྒྱལ་ལས་ རྩེད་འགྲན་འབད་དེ་ རྟགས་མ་ཚུ་ཐོབ་པ་ཅིན་ རྒྱལ་ཁབ་ནང་ལས་ཡང་ དགའ་ཚོར་གྱི་གསོལ་རས་ དངུལ་ཀྲམ་༥༠,༠༠༠དང་ ༣༠,༠༠༠ ཚུན་བྱིན་ནི་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་མིའི་ནང་ སློབ་སྟོན་ལས་རིམ་དེ་ མདའ་རྩེད་ལུ་ ཉམས་མྱོང་དང་ ཤེས་ཡོན་ཡོད་མི་ དེ་ལས་ ལྕོགས་གྲུབ་ཡོད་མི་ སློབ་སྟོན་འབད་མི་ཨམ་སྲུ་༥ དང་ སློབ་དཔོན་ཅིག་གིས་སྦེ་ ཉིན་གྲངས་༢༠ གི་རིང་ལུ་ འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment