![]() |
(གཡོན་ཁ་ཐུག་ལས་) པདྨ་དབང་ཆེན་དང་ ཀི་རིཤ་ན་ བྷ་དུར་ ཏ་མང་ ཚེ་རིང་དངོས་གྲུབ། |
བརྡ་བརྒྱུད་ལུ་ ངོ་སྤྲོད་འབད་མི་ འདེམས་ངོ་ཚུ་གི་གྲས་ལས་ སྤུ་ན་ཁ་རྫོང་ཁག་གི་ དཀར་སྦྱིས་དང་ རྟ་ལོག་འདེམས་ཁོངས་ཀྱི་དོན་ལུ་ པདྨ་དབང་ཆེན་དང་ དར་དཀར་ནང་རྫོང་ཁག་གི་ ལྷ་མོའི་རྫིང་ཁ་འདེམས་ཁོངས་དོན་ལུ་ ཀི་རིཤ་ན་ བྷ་དུར་ ཏ་མང་ དེ་ལས་ གཞལམ་སྒང་གི་ བར་དོ་དང་ ཀྲོང་འདེམས་ཁོངས་ཀྱི་དོན་ལུ་ ཚེ་རིང་དངོས་གྲུབ་ཚུ་ཨིན་པས།
སྐྱེས་ལོ་༤༠ མན་ཆད་འབད་མི་ འདེམས་ངོ་ཚུ་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ སྲིད་ཚོགས་ཚུ་གི་གྲས་ལས་ བྷུ་ཊཱན་ཀུན་མཉམ་པར་ཊི་ལུ་ དང་འདོད་བསྐྱེད་དགོ་མི་དེ་ གཙོ་བོ་ར་ ཚོགས་པ་དེ་གི་ ལྟ་བ་དང་ སྲིད་བྱུས་ཚུ་ ཁོང་གི་ མནོ་བསམ་བཏང་ཐངས་ཀྱི་ ལྟ་བ་དང་མཐུན་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
གཞལམ་བསྒང་གི་ བར་དོ་དང་ ཀྲོང་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༥ འབད་མི་ ཚེ་རིང་དངོས་གྲུབ་དེ་ ལོ་ངོ་༢༥ གི་རིང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ནང་ ལཱ་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༡༡ ལུ་ དགོངས་ཞུ་འབད་ཡོདཔ་ད་ ཁོ་ལུ་ ཚོང་རིག་ནང་ གཙུག་ལག་ཤེས་ཚད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འདེམས་ངོ་ཚུ་གིས་ གཞུང་དང་ མི་སེར་གྱི་བར་ན་ བརྡ་དོན་ཁ་གསལ་འབད་ཐོག་ལས་ བརྡ་དཔོན་བཟུམ་ཅིག་སྦེ་ ཕྱག་ཞུ་དགོཔ་དེ་ གལ་ཆེ་ནི་མས་ཟེར་ཨིནམ་ད་ དེ་ལས་ གོང་འཕེལ་ལ་སོགས་པའི་ ལས་སྣ་ཚུ་ ག་ཅི་ར་འབད་རུང་ མི་སེར་གྱི་མཁོ་འདོད་དང་ གཞུང་གི་ཕྱག་ལཱ་ཚུ་ གཅིག་ལས་གཅིག་ལུ་ གོ་བརྡ་འཕྲོད་དགོཔ་དེ་ ག་ནི་བ་ ཁག་ཆེཝ་ལས་ ལཱ་དེ་བཙག་འཐུ་ལས་གྲུབ་མི་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་ འགན་འཁྲི་གཙོ་ཅན་ཅིག་ཨིན་ཟེར་ བཤད་ཅི།
དེ་བཟུམ་སྦེ་ ད་རུང་ ཚོང་རིག་ནང་ གཙུག་ལག་ཤེས་ཡོན་ཡོདཔ་མ་ཚད་ ལོ་ངོ་༡༨ དེ་ཅིག་ དཔལ་ལྡན་རྩིས་ས་དབང་འཛིན་ནང་ ལཱ་འབད་ཡོད་མི་ དར་དཀར་ནང་གི་ ལྷ་མོའི་རྫིང་ཁ་འདེམས་ཁོངས་ལས་ ཚོགས་པ་དེ་གི་འདེམས་ངོ་ སྐྱེས་ལོ་༤༤ འབད་མི་ ཀི་རིཤ་ན་ བྷ་དུར་ ཏ་མང་གིས་ སླབ་མིའི་ནང་ ཁོ་གིས་ ཁ་དང་ལགཔ་རྟགས་མཐུནམ་སྦེ་ ལག་ལེན་འཐབ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
ཁོ་གིས་འབད་ཅིན་ མི་སེར་ཚུ་ལུ་ མགུ་སྐོར་གྱི་ཁས་བླངས་ཚུ་ མི་འབད་ཟེར་ཨིནམ་ད་ གོང་འཕེལ་གྱི་ལས་སྣ་ཚུ་ སྔ་གོང་ལས་འཆར་གཞི་དང་བསྟུན་ རིམ་སྒྲིག་ཡོད་མི་ཚུ་ཨིནམ་ལས་ བཙག་འཐུ་ཅན་གྱི་འཐུས་མི་ཚུ་གི་ ལཱ་འགན་གཙོ་བོ་ ཁྲིམས་བཟོའི་འཁྲི་འགན་དེ་ཨིནམ་ལས་ ཁོ་གིས་མི་སེར་ཚུ་ལུ་ འགན་ཁུར་ཚུ་གི་གྲས་ལས་ དང་པ་ར་ འཐུས་མི་ཚུ་གི་ ལཱ་འགན་ཚུ་གོ་བརྡ་སྤྲོད་ནི་དེ་ ལག་ལེན་འཐབ་ནི་ཟེར་ཨིན་པས།
སྤུ་ན་ཁ་གི་ དཀར་སྦྱིས་རྟ་ལོག་གི་འདེམས་ངོ་ སྐྱེས་ལོ་༤༥ འབད་མི་ པདྨ་དབང་ཆེན་གྱིས་ རྒྱ་གར་གྱི་ མཐོ་རིམ་སློབ་གྲྭ་ཅིག་ནང་ལས་ སྤྱིར་བཏང་གི་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་ཡོདཔ་བཞིན་དུ་ ད་རེས་ནངས་པ་ སྒེར་གྱི་རྩིས་སའི་རྫ་ལེབ་ བཟོ་སྐྲུན་ལས་སྡེ་ཅིག་ གཞི་བཙུགས་ཐོག་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བཙག་འཐུ་ལས་གྲུབ་མི་འཐུས་མི་ཚུ་གི་ འགན་འཁྲི་དེ་ མི་སེར་གྱི་ དཀའ་ངལ་ཚུ་ གཞུང་ལུ་ ཞུ་གཏུགས་འབད་ནི་ རྐྱངམ་གཅིག་མེན་པར་ སྤྱིར་བཏང་རྒྱལ་ཁབ་ཀྱི་ དཀའ་ངལ་སེལ་ཐབས་ལུ་ མི་མང་ལུ་ཡང་ དེ་དང་འབྲེལ་བའི་ གོ་བ་བརྡ་སྤྲོད་དང་ རྒྱབ་སྐྱོར་ལེན་ཚུགསཔ་འབད་ནི་དེ་ གལ་ཆེ་བས་ཟེར་བཤདཅི།
དེ་ཡང་ དཔེ་འབད་བ་ཅིན་ འཕྲལ་ཁམས་རུ་པའི་དཀའ་ངལ་ནང་ འཐུས་མི་ཚུ་གིས་ རང་སོའི་མི་སེར་ཚུ་ལུ་ རུ་པིའི་དཀའ་ངལ་སེལ་ཐབས་ལུ་ ནང་འཁོད་ཀྱི་ ལྕོགས་གྲུབ་ཚུ་ ངོས་འཛིན་ཐོག་ དང་ལེན་འབད་བཅུག་སྟེ་ རྒྱབ་སྐྱོར་འབད་ནི་གི་ འོས་འབབ་ཚུ་ཐོན་ཡོདཔ་ཨིན་ཟེར་ཨིན་པས།
དེ་དང་འབྲེལ་ ཚོགས་པའི་ཁྲི་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཚོགས་པ་དེ་གི་ འཐུས་མི་ཚུ་གིས་ ཁ་ལས་ག་ཅི་སླབ་མི་དེ་ སེམས་ཁར་མནོ་བའི་དོན་ཨིནམ་ད་ སེམས་ཁར་མནོ་ཡོད་མི་དེ་ ལག་ལེན་བསྟར་སྤྱོད་ཐོག་ གྲུབ་འབྲས་བཏོན་ནི་ལུ་ གཙོ་བོར་བཏོན་འོང་ཟེར་བཤད་ཅི།
ཚོགས་པ་གིས་ ད་ཚུན་གྱི་རིང་ འདེམས་ངོ་གཏན་འཁེལ་སོང་མི་༢༩ ཡོདཔ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment