དེ་ཡང་ ཧེ་མའི་ ཁྲོམ་སྡེ་ལས་འཛིན་གྱི་ བཟོ་རིག་འགོ་དཔོན་འོག་མ་ ཕུན་ཚོགས་དང་ མི་སྟོབས་འགོ་དཔོན་བགྲེསཔ་ བློ་བཟང་བསྟན་འཛིན་༢ ཀྱི་མིང་དེ་ ཚོགས་ཆུང་གི་ འཐུས་མི་ཞལ་འཛོམས་ཀྱི་ མགྲོན་བརྡ་དང་ ཞལ་འཛོམས་ཀྱི་ གྲོས་ཆོད་ནང་ འཁོད་ཡོད་རུང་ ཞལ་འཛོམས་ཀྱི་ ཐོ་དེབ་ནང་མེདཔ་ལས་ ཁོང་༢ ཞལ་འཛོམས་ནང་ བཅའ་མར་གཏོགས་གཏོགསཔ་མེད་པའི་ བདེན་རྟགས་བཏོན་ཚུགས་ནི་དེ་གིས་ཨིན་པས།
ཕུན་ཚོགས་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞལ་འཛོམས་ཚུ་ནང་ བཅའ་མར་གཏོགས་ཡོད་པའི་ མིང་གསལ་ཡོད་མི་ལུ་བརྟེན་ ཁོ་ཡང་ འཐུས་མི་ཨིན་པའི་གྲངས་སུ་ བརྩི་འཇོག་འབད་དེ་ ཞི་རྩོད་ཀྱི་ ཉེས་པ་བཀལ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ སྤྱི་ལོ་༢༠༠༥ ལུ་ ཁྲོམ་ས་བགོ་བཀྲམ་འབད་བའི་སྐབས་ ཕུན་ཚོགས་ཀྱིས་ཡང་ འཐུས་མི་གཞན་བཟུམ་སྦེ་ རང་མོས་རྣམ་དག་ཐོག་ལུ་ འགན་འཁྲི་འབག་མ་ཚུགསཔ་ལས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དེ་ ཐོབ་དགོ་མི་ཚུ་ལུ་ མ་ཐོབ་པར་ ཐོབ་ལམ་མེད་མི་ཚུ་ལུ་ བགོ་སྤྲོད་འབད་ནུག་ཟེར་ཨིན་པས།
ཕུན་ཚོགས་ཀྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་ནང་ འཐུས་མི་སྦེ་ ཁོ་གི་ ཡིག་ཚང་ལས་ བཀྲིས་ནོར་བུ་ཤེར་པ་ཡོདཔ་ལས་ ཡིག་ཚང་གཅིག་ལས་ འཐུས་མི་༢ ཐོན་དགོཔ་མེད་ཟེར་ཨིནམ་ད་ ཁོ་གིས་ ལན་ཐེངས་ཅིག་ འབྲེལ་གཏོགས་འབད་མི་དེ་ཡང་ ས་སྤོ་སོར་གྱི་ ལཱ་ཅིག་ལུ་བརྟེན་ཨིནམ་ལས་ ཞལ་འཛོམས་ནང་ འཐུས་མི་སྦེ་ བཅའ་མར་གཏོགས་ཡོད་པ་ཅིན་ ཁོ་གི་ མིང་གསལ་གུ་ མིང་རྟགས་བཀོད་དེ་ཡོདཔ་འོང་ཟེར་ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ ཐོ་དེབ་ནང་ ཁོ་རའི་མིང་གསལ་ཚུད་དགོ་མི་དེ་ཡང་ ད་རེས་ནངས་པ་ གློག་རིག་ཀམ་པུས་ཊར་ཐོག་ལུ་ མགྲོན་བརྡ་ལ་སོགས་པ་ཚུ་ སྤོ་སོར་འབད་དེ་ འབྲི་སྲོལ་ཡོད་མི་ལུ་བརྟེན་ ཁོ་གི་ མིང་གསལ་ཚུད་ནུག་ཟེར་ཨིནམ་ད་ ཁོ་ལུ་ ཉེས་པ་ཡོད་མེད་ ཐོ་དེབ་ཐོབ་མི་གིས་ གསལ་བཏོན་འབད་ཚུགས་ཟེར་ཞུ་ཡི།
བློ་བཟང་བསྟན་འཛིན་ཡང་ ཞལ་འཛོམས་ནང་ བཅའ་མར་གཏོགས་དགོཔ་ཅིག་ཨིན་རུང་ དེ་བསྒང་ ད་ལྟོའི་ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དེ་ མོང་སྒར་ལས་ བཀྲིས་སྒང་གི་ རྫོང་བདག་སྦེ་ གནས་སོར་འགྱོ་བའི་ དུས་ཚོད་དང་ ཁ་ཐུག་རྐྱབ་སྟེ་ ཁོ་ར་ ལས་མི་ཚུ་ཁྱིད་དེ་ ཉིནམ་༡ ར་ རྫོང་བདག་གི་ ཅ་ཆས་ཚུ་ དོས་བསྡམས་སྡོད་ཅི་ཟེར་ཨིན་པས།
ཁོ་ཡང་ ཞལ་འཛོམས་ནང་ བཅའ་མར་གཏོགས་ཡོད་པ་ཅིན་ འཐུས་མི་གཞན་ཚུ་བཟུམ་སྦེ་ར་ ཁོ་རའི་མིང་གསལ་གུ་ རྟགས་བཀོད་དེ་ ཡོདཔ་འོང་ཟེར་ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཀྲིས་ནོར་བུ་ཤེར་པ་དེ་ ཁྲིམས་འདུན་ལུ་འབོ་སྟེ་ ཁོ་གིས་ ད་ལྟོ་ཚུན་ ལྷན་ཚོགས་ལུ་ ཐོ་དེབ་དེ་ གནད་དོན་ག་ཅི་ལུ་བརྟེན་ བྱིན་མ་ཚུགསཔ་སྨོ་ཟེར་ དྲིཝ་ད་ ཁོ་གིས་ ཡིག་ཆ་རྙིང་ཤོས་ཅིག་འབད་བ་ལུ་བརྟེན་ འཚོལ་མ་ཐོབ་ལས་ མནོ་ཞིང་བསམ་ཞིང་སྦེ་ གསང་སྟེ་མ་བཞག་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་རུང་ ཉེས་མེད་ལུ་ ཉེས་པ་བཀལ་དགོཔ་མེད་པའི་ཁར་ ཁོང་གིས་ ཉེས་འཛུགས་འབད་མི་དེ་ཡང་ མགྲོན་བརྡའི་ནང་ མིང་གསལ་བཀོད་དེ་ཡོདཔ་ལས་ ཁྲིམས་འདུན་ལུ་ འབོ་ཡི་ཟེར་ཨིན་པས།
དྲང་དཔོན་མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་༢ ཀྱིས་ ད་ལྟོ་ ཐོ་དེབ་ཀྱི་ སྒྲུབ་བྱེད་ལུ་བརྟེན་ རྩོད་གཞི་ཕྱིར་འབུད་བཏང་ཡོད་རུང་ ཤུལ་ལས་ ཁོང་༢ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་ནང་ འབྲེལ་གཏོགས་འབད་བའི་ གནད་དོན་རེ་ འཐོན་པ་ཅིན་ ཁྲིམས་འདུན་གྱིས་ འབོ་ནི་ཟེར་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བདེ་ཆེན་ཚེ་རིང་།
No comments:
Post a Comment