དབང་གནང་སའི་ས་ཁོངས་ནང་ གློ་བུར་དུ་ ནདཔ་ཐོན་མི་ ཨ་ནེམོ་ཅིག་ བརྟག་དཔྱད་འབད་བའི་བསྒང་། |
ཤི་རྐྱེན་བྱུང་མིའི་གྲངས་སུ་ དབང་འདུས་རྫོང་ཁག་ དགའ་སེང་ལོགས་ལས་ སྐྱེས་ལོ་༨༣ ལང་མི་ ཨང་རྒས་ཅིག་དང་ སྐྱེས་ལོ་༨༠ ལང་མི་ ཨ་རྒས་ཅིག་ཨིནམ་ད་ དེ་ཡང་ ཕོཝ་གི་ནད་གཞི་ཐོབ་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་བཞིན་དུ་ གཞན་མི་དེ་ དབུགས་གཏོང་ལེན་གྱི་ ནད་གཞི་ཐོབ་ནི་དེ་གིས་ རྫོང་ཁག་སྨན་ཁང་ནང་ སྨན་བཅོས་འབད་དེ་ ཉིན་གྲངས་༤ ལངམ་ད་ ཤི་ཡོདཔ་ད་ ད་རུང་ དགའ་སེང་ལོགས་ལས་ སྐྱེས་ལོ་༧༠ ལང་མི་ ཨ་རྒས་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་མ་ཚད་ སྤ་རོ་ལས་ སྐྱེས་ལོ་༨༢ ལང་མི་ ཨ་རྒས་ཅིག་ཡང་ བཤལ་ནད་ཐོབ་སྟེ་ ཤི་རྐྱེན་བྱུང་ཡོདཔ་ད་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༢༦ ལུ་ འཕྲིན་ལས་སྒང་ལུ་སྦེ་ དབང་ཞུ་མི་ སྐྱེས་ལོ་༥༨ ལང་མི་ དད་ཅན་ཨམ་སྲུ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ ཁྲག་ཤུགས་ཀྱི་ ནད་གཞི་ཐོབ་མི་ལུ་བརྟེན་ཨིནམ་ད་ ཚེ་འདས་དེ་ སྤུ་ན་ཁ་ལས་ཨིནམ་བཞིན་དུ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྐྱེལ་བའི་ལམ་ཁར་ ཤི་ཡོདཔ་ཨིན་པས།
དེ་ལས་གཞན་ཡང་ སྤུ་ན་ཁ་རྟ་ལོག་ལས་ སྐྱེས་ལོ་༨༠ ལང་མི་ ཨང་རྒས་ཅིག་ཡང་ རྫོང་ཁག་སྨན་ཁང་ནང་ ཤི་ཡོདཔ་ད་ དབང་འདུས་ཉི་ཤོ་ལས་ སྐྱེས་ལོ་༨༠ ལང་མི་ ཨང་རྒས་དེ་ སྨན་ཁང་ནང་ལྷོདཔ་ཅིག་ ཤི་ཡོདཔ་ཨིན་པས།
ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྡོམས་ཀྱིས་ནདཔ་༡༢ སྨན་བཅོས་འབད་བར་ བསྐྱལ་མི་ཚུ་ མང་ཤོས་ར་ སྐྱེས་ལོ་༦༠ དང་༧༣ གྱི་བར་ན་ འབད་མི་ཚུ་ཨིན་པས།
ཌོག་ཊར་ ཆོས་གྲགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཤི་རྐྱེན་བྱུང་དགོ་མི་དེ་ཡང་ གཙོ་བོ་ར་ ནདཔ་ཚུ་མང་ཤོས་ར་ ལོ་ན་རྒས་སོ་ནི་དེ་གིས་ཨིན་མས་ཟེར་ཨིནམ་ད་ དེ་ཡང་ མི་སྤུངས་འཛོམས་འབད་སར་ རྒན་རྒས་ཚུ་ ཚ་རིམས་ལ་སོགས་པའི་ ནད་ཅིག་ཐོབ་རུང་ ཤི་ནིའི་ཉེན་ཁ་ སྦོམ་ཡོད་ཟེར་ཨིནམ་ད་ ལོ་ན་རྒས་པའི་དུས་ཚོད་ལུ་ གཟུགས་ཀྱི་སྟོབས་ཤུགས་ཉམས་ནི་དེ་གིས་ ནད་གཞི་ཆུང་ཀུ་ཅིག་ཐོབ་རུང་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
དབང་ཆེན་ཞུ་བའི་སྐབས་ལུ་ ནདཔ་ཐོན་མི་ཚུ་ སྨན་བཅོས་དང་ ཉེན་སྲུང་འབད་ནིའི་དོན་ལུ་ ཐང་བཟང་ནང་གི་ ས་ཁོངས་ལུ་ གསོ་བའི་ཞབས་ཏོག་ཚུ་ ས་གོ་༣ ནང་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ གསོ་བའི་ཞབས་ཏོག་ལེན་མི་༣༠,༠༠༠ དེ་ཅིག་ཐོན་ཡི་ཟེར་ ཌོག་ཊར་ ཆོས་གྲགས་རྒྱལ་མཚན་གྱིས་ སླབ་ཨིན་པས།
དེ་མ་ཚད་ གློ་བུར་གྱི་དོན་ལུ་ ནདཔ་སྐྱེལ་ལེན་འབད་མི་ སྣུམ་འཁོར་ཚུ་ཡང་ དུས་ཡུན་ཆུ་ཚོད་༢༤ གི་རིང་ གྲ་སྒྲིག་འབད་དེ་ བཞག་མི་དེ་ཡང་ ཉིནམ་ཨ་རྟག་ར་ དྲན་མེད་ཐལ་མི་ ནདཔ་རེ་གཉིས་ཐོན་མི་ཚུ་ སྨན་ཁང་ནང་ བསྐྱལ་ནིའི་དོན་ལུ་ཨིན་ཟེར་ ཌོག་ཊར་ ཆོས་གྲགས་རྒྱལ་མཚན་གྱིས་ སླབ་མ་ཚད་ གསོ་བའི་མཁས་མཆོག་༡༤ གཞི་བཙུགས་འབད་ཡོདཔ་ཨིན་ཟེར་ཨིན་པས།
ཌོག་ཊར་གིས་འབད་བ་ཅིན་ ཨ་རྟག་འབད་བ་ཅིན་ སྤུ་ན་ཁ་རྫོང་ཁག་སྨན་ཁང་ནང་ཡང་ དེ་བཟུམ་མའི་ ནདཔ་གི་གྱངས་ཁ་ འོང་ནི་མེད་ཟེར་ཨིནམ་ད་ དབང་ཆེན་གྱི་སྐབས་ལུ་ ཉིནམ་རེ་ལུ་ ནདཔོ་གྱངས་ཁ་མཐོ་ཤོས་༥༠༠ དེ་ཅིག་ འོང་ཡི་ཟེར་ ཌོག་ཊར་ཚུ་གིས་ སླབ་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment