༉ སྤྱི་ལོ་༢༠༡༡ ཟླཝ་༡༢ པའི་ནང་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ གསོ་བའི་ལྷན་ཁག་གི་ འགོ་དཔོན་ཅིག་ལུ་ གཞུང་དངུལ་སྒེར་སྤྱོད་དང་ གཡོ་སྒྱུ་ལག་ལེན་འཐབ་པའི་ བཙོན་ཁྲིམས་ལོ་༡༠ བཀལ་མི་དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ བསྒྱུར་བཅོས་མཛད་དེ་ ཉེས་ཁྲིམས་ལོ་༢ དང་ཟླཝ་༦ བཀལ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡ པའི་ཚེས་༡༠ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ མཐོ་གཏུགས་པ་ ངག་དབང་རྒྱལ་མཚན་དེ་ སྤྱི་ལོ་༢༠༠༤ ལས་༢༠༠༧ ཚུན་ རྒྱ་གར་ཀཱོལ་ཀ་ཊ་ལུ་ གསོ་བའི་འབྲེལ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ གཞུང་དངུལ་སྒེར་སྤྱོད་དང་ ཡིག་ཆ་རྫུས་བཟོ་ དེ་ལས་ འོང་འབབ་དང་ཆ་ཚད་མ་སྙོམས་པའི་ ཉེས་འཛུགས་ཁག་མང་རབས་ཅིག་ འབད་མི་ཚུ་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ ཀཱོལ་ཀ་ཊ་ལུ་ སྨན་བཅོས་འབད་བར་བཏང་མི་ འབྲུག་མི་ཚུ་གི་ སྨན་བཅོས་ཟད་འགྲོ་ རྩོད་ཟླ་ངག་དབང་རྒྱལ་མཚན་གྱིས་ སྒེར་སྤྱོད་འབད་བའི་ར་ཁུངས་ ཐེ་ཚོམ་ལས་གྲོལ་བའི་ མངོན་རྟགས་མ་གྲུབ་པའི་ཁར་ མ་དངུལ་བཙུགས་བཏོན་འབད་བའི་ རྩིས་དེབ་ཨང་ཕུད་རྡོག་༡ ལས་བརྒལ་མེད་མི་དེ་ཡང་ རྩོད་ཟླའི་སྒེར་གྱི་ རྩིས་དེབ་ཨིནམ་མ་ཚད་ གསོ་བའི་ལྷན་ཁག་གི་ ཁ་ཐུག་ལས་འབད་རུང་ དངུལ་འབོར་ཚུ་ ཁོ་གི་རྩིས་དེབ་ནང་ བཙུགས་བཞག་ནུག་ཟེར་བཀོད་ནུག།
རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༧ ཟླཝ་༥ པའི་ཚེས་༥ ལུ་ ཀཱོལ་ཀ་ཊ་དངུལ་ཁང་གི་ གསོག་འཇོག་རྩིས་དེབ་ནང་ལས་ དངུལ་ཀྲམ་༤༠༠,༠༠༠ བཏོན་ཡོད་མི་དེ་ རྒྱ་གར་སྡེ་ཚན་ཅིག་ལུ་ སྤྲོད་དགོཔ་ཨིན་རུང་ མ་སྤྲོད་པར་ ཚུལ་མིན་ཐོག་ལས་ སྒེར་སྤྱོད་འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༨ ཟླཝ་༡༡ པའི་ཚེས་༢༤ ལུ་ དངུལ་ཀྲམ་༣༠༠,༠༠༠ དང་ སྤྱི་ལོ་༢༠༠༩ ཟླཝ་༡ པའི་ཚེས་༢༩ ལུ་ དངུལ་ཀྲམ་༦༠༠,༠༠༠ དེ་ལས་ སྤྱི་ལོ་༢༠༠༧ ཟླཝ་༡༢ པའི་ནང་ དར་ལ་གློག་མེ་ལས་འཛིན་གྱི་ལས་བྱེདཔ་ ཀི་རིཤ་ན་མ་ཡ་ག་ལེ་གི་ སྨན་བཅོས་ཟད་འགྲོ་དངུལ་ཀྲམ་༡༤༠,༠༠༠ ཤེས་བཞིན་དུ་ ཚུན་མིན་འཐབ་ཡོདཔ་ཨིན་པས།
ད་རུང་ སྤྱི་ལོ་༢༠༠༨ ཟླཝ་༡༢ པའི་ནང་ སྒོམ་ཀྲུ་དཔལ་ལྡན་རྩི་ས་དབང་འཛིན་གྱི་ལས་བྱེདཔ་ ཤཱམ་ཌཱོཇ་རའི་དེ་ ཀཱོལ་ཀ་ཊ་ལུ་ སྨན་བཅོས་འབད་བའི་རིན་ ་དངུལ་ཀྲམ་༤༨,༠༠༠ དང་ ལོ་དེ་ནང་ འབྲུག་གོང་འཕེལ་དངུལ་ཁང་གི་ལས་བྱེདཔ་ ཐུགས་རྗེ་དབང་ཕྱུག་དང་ ཁོ་གི་བུ་གི་ སྨན་བཅོས་ཟད་འགྲོ་ དངུལ་ཀྲམ་༤༡,༧༧༥ དེ་ཡང་ ངག་དབང་རྒྱལ་མཚན་གྱིས་ སྒེར་སྤྱོད་འབད་ཡོདཔ་ལས་ དངུལ་ཀྲམ་བསྡོམས་ས་ཡ་༢.༠༨༩ ལྷགཔ་ཅིག་ གཞུང་ལུ་ བཙུགས་དགོཔ་སྦེ་ རྫོང་ཁག་ཁྲིམས་འདུན་གྱིས་ གྲོས་ཆོད་བཏོན་ནུག།
ཆེ་མཐོའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ ཉེས་འཛུགས་ཅན་གྱིས་ དངུལ་སྤྲོད་ལེན་མ་འབད་བར་བཞག་པའི་ སྒྲུབ་བྱེད་མེདཔ་ལས་ དངུལ་ཀྲམ་ས་ཡ་༡.༥༡༥ དེ་ གཞུང་ལུ་ སོར་ཆུད་འབད་དགོཔ་མེད་རུང་ རྒྱ་གར་གྱི་ སྨན་ཁང་ཚུ་ནང་ སྤྲོད་དགོ་པའི་དངུལ་ཚུ་ དུས་ཐོག་ལུ་ མ་སྤྲོད་པར་ ཡུན་འགྱངས་བཞག་ཏེ་ དུས་མཚམས་ལུ་ ཟླཝ་ལེ་ཤ་ཅིག་གི་རིང་ སྒེར་སྤྱོད་འབད་ནུག་ཟེར་ཨིན་པས།
ལྷག་པར་དུ་ ལྐོག་ཟ་འབད་བའི་ མ་དངུལ་ཐོག་ ས་ཆ་ཉོ་ཞིནམ་ལས་ རྒྱ་གར་གྱི་ མི་ཚུ་ལུ་ དངུལ་མ་སྤྲོད་པར་ བཞག་ཡོད་པའི་སྒྲུབ་བྱེད་བཏོན་ནི་མེདཔ་ལས་ མཐོ་གཏུགས་པ་དང་ པདྨ་བཟང་མོ་གཉིས་ལུ་ ཉེས་ཁྲིམས་སྨིན་ཐབས་མེད་པར་ ཐོག་མའི་འཁྲུན་ཆོད་དེ་ བསྒྱུར་བཅོས་མཛད་ཡོདཔ་ད་ ཐོག་མའི་ཁྲིམས་འདུན་གྱིས་ པདྨ་བཟང་མོ་ལུ་ དབང་འཛིན་འགོ་དཔོན་ཚུ་ལུ་ རྫུན་ཞུགས་གནས་ཚུལ་གྱི་ སྙན་ཞུ་འབད་བའི་ ཉེས་ཁྲིམས་ཟླ་༦ བཀལ་ཡོདཔ་ཨིན་པས།
དེ་འབདཝ་ད་ མཐོ་གཏུགས་པ་ ངག་དབང་རྒྱལ་མཚན་གྱིས་ དབང་ཚད་ལོག་སྤྱོད་འབད་ཡོད་པའི་ སྒྲུབ་བྱེད་བཏོན་ཡོདཔ་ལས་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དང་འཁྲིལ་ རྫོང་ཁག་ཁྲིམས་འདུན་གྱི་འཁྲུན་ཆོད་ ཆ་ཤས་བསྒྱུར་བཅོས་མཛད་དེ་ བཙོན་ཁྲིམས་ལོ་༢ བཀལ་ཡོདཔ་མ་ཚད་ ཁོ་ འབྲུག་ལུ་ སྡོད་པའི་སྐབས་ ཀཱོལ་ཀ་ཊ་གི་ ས་གནས་ཚུ་ནང་ འགྲུལ་བསྐྱོད་འབད་ཡི་ཟེར་ གཡོ་སྒྱུའི་ཐོག་ལས་ ཉིན་འཐུས་ལེན་ཡོད་པའི་ བཙོན་ཁྲིམས་ཟླཝ་༦ བཀལ་ཡོདཔ་ཨིན་རུང་ བཙོན་ཁྲིམས་གཉིས་ཆ་ར་ ཁྲིམས་འཐུས་བཏབ་ཆོག་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
ངག་དབང་རྒྱལ་མཚན་དེ་ རྫོང་ཁག་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment