གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱད་ཚད་ནང་མ་ཚུད་པའི་ ས་ཆ་བགོ་བཀྲམ་འབད་མི་གིས་ བདེན་ཁུངས་གསལ་སྟོན།

༡༨/༡/༢༠༡༣   ༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་ཚུ་ ཐེ་ཚོམ་ལས་གྲོལ་བའི་ བདེན་རྟགས་བཏོན་ནིའི་དོན་ལུ་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་དེ་ ཧེ་མ་ མོང་སྒར་རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ ཞལ་འཛོམས་ཀྱི་ གྲོས་བཅུད་ཚུ་ ཁོ་ར་གིས་ ཟིན་བྲིས་བཀོད་དེ་ ཚུལ་མིན་ཐོག་ལས་ ཁྲོམ་ས་བགོ་བཀྲམ་འབད་མི་དེ་ ལམ་ལུགས་ཤེས་ཅི་མཐོང་ཅི་ར་འབད་བའི་ སྒྲུབ་བྱེད་གསལ་སྟོན་འབདཝ་ཨིན་ཟེར་ མོང་སྒར་རྫོང་ཁག་ཁྲིམས་འདུན་ལུ་ བརྒལ་ལན་ཕུལ་ཡི།


དེ་ཡང་ སྤྱི་ཟླ་༡ པའི་ཚེས་༡༦ ལུ་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེའི་ བརྒལ་ལན་སྙན་གསན་ཐེངས་༣ པ་མཛད་པའི་སྐབས་ལུ་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤེར་ལན་ཞུ་མིའི་ནང་ དེ་བསྒང་ ཁོ་ར་ ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་སྦེ་བཞུགསཔ་ད་ ཆོས་སྡེ་ཚུ་ལུ་ གཞུང་ལས་ རྒྱབ་སྐྱོར་ཐད་ཀར་དུ་ ཐོབ་ནི་མེད་མི་ལུ་བརྟེན་ ཁོང་ལུ་ ས་ཆ་བགོ་བཀྲམ་འབད་བའི་སྐོར་ ཞལ་འཛོམས་ཀྱི་ གྲོས་བཅུད་ནང་ ཁོ་ར་གིས་ ཕྱག་བྲིས་བཀོད་ནུག་ཟེར་ཨིན་པས།
ནང་སྲིད་བློན་པོ་གིས་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་དང་ བུམ་ཐང་མཁར་ཆུ་གྲྭ་ཚང་༢ ལུ་ གཞུང་ཞབས་ལས་ ཐད་ཀར་གྱི་ གསོལ་ཕོགས་ལ་སོགས་པ་ཚུ་ གང་ཡང་ཐོབ་ནི་མེདཔ་ལས་ ཆོས་སྡེའི་གཙུག་སྡེ་དེ་ རྒྱལ་ཁབ་དང་ འགྲོ་བ་སེམས་ཅན་གྱི་ མཐའ་དོན་དང་ ཡུན་བརྟན་གནས་ཐབས་ལུ་ གཞུང་གི་ཁྱད་ཚད་ནང་ མ་ཚུད་རུང་ ཐག་རང་བཅད་ཀྱི་སྒོ་ལས་ ཁྲོམ་ས་བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
མ་གཞི་ ངན་ལྷད་བཀག་དམ་འགོ་དཔོན་ཚུ་གིས་ འབད་བ་ཅིན་ བློན་པོ་ཁོ་ར་ ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་ཨིནམ་ལས་ ཁྲི་འཛིན་གྱི་ འགན་ཁུར་དེ་ ག་དེ་སྦེ་འབག་དགོཔ་ཨིན་ན་ ཤེས་བཞིན་དུ་  གཞུང་ཞབས་ལས་གནང་མི་ བཀའ་རྒྱ་དང་ལམ་ལུགས་ཚུ་དང་མ་འཁྲིལ་བར་ དབང་ཚད་ཚུལ་མིན་ཐོག་ལས་སྤྱོད་དེ་ ལཱ་འབད་མི་ལུ་བརྟེན་ ད་རེས་ནངས་པར་ བྱ་སྟབས་མ་བདེཝ་ཐོན་ཡོད་མི་དེ་ གནད་དོན་གཞན་མེད་ཟེར་ཨིནམ་ད་ རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ འགན་འཁྲི་ཚུ་ ཚུལ་མཐུནམ་སྦེ་ འབག་ཡོད་པ་ཅིན་ དེ་བཟུམ་མའི་ སྟབས་མ་བདེཝ་ མ་ཐོནམ་འོང་ཟེར་ཞུ་ཡི།
དེ་མ་ཚད་ གྲྭ་ཚང་༢ ལུ་ ས་ཆ་སྤྲོད་པའི་སྐབས་ལུ་ ཚོགས་ཆུང་གི་ འཐུས་མི་ལ་ལུ་ཅིག་གིས་ ཆོས་སྡེ་ལུ་ ས་ཆ་སྤྲོད་ནི་དེ་ ཁོང་ལུ་དབང་ཚད་ཡོད་མེད་ཚུ་གི་སྐོར་ལས་ཡང་ ལོ་རྒྱུས་ཞུ་ཡོད་རུང་ དེ་ལུ་ ངོས་ལེན་མ་འབད་བར་ དགའ་དགའཝ་སྦེ་ སྤྲོད་མི་དེ་ཡང་ ཤེས་ཅི་མཐོང་ཅི་ར་འབད་ཡོད་པའི་ ལཱ་བྱ་ཅིག་ཨིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༢༩༤ ཀ་པའི་ ཉེས་འཛུགས་ཕོག་ཟེར་ཞུ་ཡི།
རྫོང་སྡེ་སྤྱི་ཁྱབ་དང་ ཞབས་ཏོག་ལྷན་ཁག་གི་ དྲགོས་རྡོ་རྗེ་བསྟན་འཛིན་གྱིས་གནང་མི་ བཀའ་རྒྱ་དང་ ལམ་ལུགས་ཚུ་དང་འཁྲིལ་ཕྱག་ལཱ་གནང་ཡོད་པ་ཅིན་ དེ་བཟུམ་གྱི་ སྟབས་མ་བདེཝ་ཐོན་དགོཔ་ར་མེད་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བརྒལ་ལན་ཞུ་བའི་ཁར་ རྒྱལ་པོའི་ཞིང་ལུ་ ཁྲོམ་ས་བགོ་བཀྲམ་འབད་དོ་ཡོད་པའི་སྐོར་ ཚོང་བསྒྲགས་དང་ ཡང་ཅིན་ མི་མང་གསལ་བསྒྲགས་ཡང་ འབད་འབདཝ་མིན་འདུག་ཟེར་ཞུ་ཡི།
གནད་དོན་ཚུ་ལུ་བརྟེན་ ད་རེས་ནངས་པ་ཡང་ རྒྱལ་པོའི་ཞིང་གི་ ཁྲོམ་ས་མཁོ་འདོད་བཀོད་མི་ མི་གྲངས་༡༢༧ གྱིས་ སྤྱི་ལོ་༡༩༨༩ ལས་༢༠༠༦ ཚུན་ ཞུ་ཡིག་བཙུགས་ཡོད་རུང་ ད་ལྟོ་ཡང་ ས་མ་ཐོབ་པར་འདུག་ཟེར་ ཞུ་བའི་ཁར་ ཀུར་རི་ཆུ་གློག་མེའི་དོན་ལུ་ སྒེར་མི་༢༥ གི་ས་ཆ་ གཞུང་ལུ་ཤོར་ཡོདཔ་ལས་ ཁོང་གིས་ཡང་ ད་ཚུན་གྱི་བར་ན་ ས་ཆ་མ་ཐོབ་པར་ཡོད་མི་དེ་ གནད་དོན་ག་ཅི་ཨིན་ན་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཁྲིམས་འདུན་ལུ་ཞུ་ཡི།
རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མི་ བཀའ་རྒྱ་ནང་འབད་བ་ཅིན་ ས་ཆ་བགོ་བཀྲམ་འབད་མ་ཆོགཔ་སྦེ་ ཡོདཔ་མ་ཚད་ ཞབས་ཏོག་ལྷན་ཁག་ལས་གནང་མི་ བཀའ་རྒྱ་དང་འཁྲིལ་རུང་ ས་ཆ་བགོ་བཀྲམ་དེ་ དང་པ་ར་ ས་གནས་ཁར་ ཁྲིམས་མཐུན་ཚོང་འབྲེལ་ཆོག་ཐམ་འཆང་སྟེ་ སྡོད་མི་ཚུ་ལུ་དང་ གཉིས་པ་ལུ་ ས་གནས་ཁར་སྡོད་མི་ཚུ་ལུ་རྐྱངམ་གཅིག་ སྤྲོད་དགོཔ་སྦེ་འདུག་ཟེར་ཞུ་ཡི།
ནང་སྲིད་བློན་པོའི་ རྒྱབ་མི་གིས་འབད་བ་ཅིན་ ཁྲོམ་ས་བགོ་བཀྲམ་ཚུ་ ཚུལ་མཐུན་འབད་ཡོདཔ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བློན་པོ་ལུ་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་ ཉེས་འཛུགས་འབད་མི་ལུ་ ཉེས་པ་སྨིན་དགོཔ་མེད་མི་དེ་ཡང་ ས་ཆ་སྤྲོད་ནིའི་དབང་ཚད་ གཞུང་ཞབས་ལས་ཡོད་མི་ལུ་བརྟེན་ཨིན་ཟེར་ བཤེར་ལན་ཕུལ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment