གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡིག་ཚང་གི་ བྱ་སྤྱོད་ངན་པའི་ ཉེས་ཁྲིམས་སྨིན་དགོཔ་མེད་པའི་ཁུངས་གསལ།

༡༦/༡/༢༠༡༣   ནང་སྲིད་བློན་པོའི་ བརྒལ་ལན་༣ པ་དང་ ཚོགས་དཔོན་གྱི་ སྒྲུབ་བྱེད་སྙན་གསན་ ད་རིས་མཛད་ནི།
༉ སྤྱི་ཟླ་༡ པའི་ཚེས་༡༤ ལུ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེའི་ རྒྱབ་མི་གིས་  མོང་སྒར་རྫོང་ཁག་ཁྲིམས་འདུན་ལུ་ བརྒལ་ལན་ཐེངས་༢ པ་ཕུལ་བའི་སྐབས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དེ་ གཞུང་ཞབས་ལས་གནང་མི་ བཀའ་རྒྱ་དང་ ཁྲིམས་ལུགས་ཚུ་དང་ མ་འགལ་བར་ འབད་ནུག་ཟེར་ཞུ་ཡི།


དེ་ཡང་ རྫོང་ཁག་ཁྲོམ་སྡེ་ཚོགས་ཆུང་གིས་ སྤྱི་ལོ་༡༩༨༧ དང་༡༩༩༩ ལུ་བཏོན་མི་ ཡིག་ཚང་བཀའ་རྒྱ་དང་ སྤྱི་ལོ་༡༩༩༡ ལུ་ རྫོང་སྡེ་སྤྱི་ཁྱབ་བརྒྱུད་དེ་གནང་མི་བཀའ་རྒྱ་ དེ་ལས་ སྤྱི་ལོ་༡༩༩༩ གི་ཁྲོམ་སྡེའི་བཅའ་ཁྲིམས་ཚུ་དང་འཁྲིལ་ཏེ་ རྒྱལ་པོའི་ཞིང་ལུ་ ཁྲོམ་ས་བགོ་བཀྲམ་འབད་ཡོདཔ་ལས་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་ ཉེས་ཁྲིམས་སྨིན་དགོཔ་མིན་འདུག་ཟེར་ རྒྱབ་མི་གིས་ཞུ་ཡི།
སྤྱི་ལོ་༡༩༨༧ ལུ་གནང་མི་ བཀའ་རྒྱ་ནང་ ཁྲོམ་ས་བགོ་བཀྲམ་འབད་ནི་དེ་ རྫོང་ཁག་༢༠ ནང་གི་ འབྲུག་གི་ཁྲོམ་སྡེ་ཚུ་ནང་ཡོད་པའི་ ཚོགས་ཆུང་ཚུ་གིས་ འབད་ཆོགཔ་སྦེ་འདུག་ཟེར་ ཞུ་བའི་ཁར རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མི་ བཀའ་རྒྱ་ནང་ཡང་ ཁྲོམ་ས་བགོ་བཀྲམ་འབད་ཆོག་པས་ཟེར་ ཞུ་ཡོདཔ་ད་ ཁྲོམ་སྡེའི་བཅའ་ཁྲིམས་༡༩༩༩ ཅན་མའི་ནང་ཡང་ ས་ཆ་གླ་ཁར་སྤྲོད་ནི་དང་ལེན་ནི་ དེ་ལས་ བཙོང་ནི་ཚུ་ འབད་ཆོགཔ་སྦེ་ བཀོད་དེ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་ ཉེས་འཛུགས་འབད་དགོ་པའི་ སྒྲུབ་བྱེད་གསལ་སྟོན་འབད་ནི་མིན་འདུག་ཟེར་ཨིནམ་ད་ ཉེས་བཙུགས་འབད་དགོ་པ་ཅིན་ མི་ཅིག་གིས་ མནོ་ཞིང་བསམ་ཞིང་ ཤེས་ཅི་མཐོང་ཅི་ར་ ལཱ་ངན་པ་ཅིག་ འབད་དགོཔ་དང་ ཡང་ཅིན་ རང་ལུ་ཁེ་ཕན་ཡོད་པའི་ ལཱ་ཅིག་འབད་དགོཔ་ད་ འདི་གི་དོན་ལུ་ ར་ཁུངས་གསལ་རིལ་རི་སྦེ་ བཏོན་དགོ་ཟེར་ཨིན་པས།
དེ་མ་ཚད་ ལྷན་ཚོགས་ཀྱིས་ ཁྲིམས་ལུགས་དང་ ཚད་གཞི་ཚུ་ དོན་ཆེད་དང་ ཤེས་ཅི་ར་ བགོ་བཀྲམ་འབད་ནུག་ཟེར་ སླབ་མི་ལུ་ཡང་ བསམ་སྦྱོར་ལས་འདས་པའི་ ར་ཁུངས་བཀལ་དགོ་ཟེར་ བརྒལ་ལན་ཞུ་བའི་ཁར་ བློན་པོ་གིས་འབད་བ་ཅིན་ རྫོང་སྡེ་སྤྱི་ཁྱབ་ཀྱི་ བཀའ་རྒྱ་ནང་ ས་གནས་ཁར་ སྡོད་མི་ཚུ་ལུ་ གོ་སྐབས་བྱིན་དགོ་ཟེར་ཡོདཔ་མ་གཏོགས་ གཞན་ལུ་བྱིན་མི་ཆོག་ཟེར་བཀོད་བཀོདཔ་མིན་འདུག་ཟེར་ཞུ་ཡི།
བློན་པོ་གིས་འབད་བ་ཅིན་ ཁྲོམ་སྡེ་ཚོགས་ཆུང་དེ་ཡང་ གཞུང་ཞབས་ཀྱི་ བཀའ་རྒྱ་ཐོག་ལུ་ རྫོང་ཁག་༢༠ ནང་ གཞི་བཙུགས་འབད་མི་ ཚོགས་ཆུང་ཅིག་ཨིན་མི་དེ་ཡང་ འབྲུག་གི་ཁྲོམ་སྡེ་བཅའ་ཁྲིམས་༡༩༩༩ ཅན་མ་དང་འཁྲིལ་ ཕྱག་ལཱ་གནང་མི་ ཚོགས་ཆུང་ཅིག་ཨིན་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ས་ཆ་བགོ་བཀྲམ་དེ་ ས་གནས་ཁར་སྡོད་མི་ཚུ་གི་ དང་འདོད་དང་འཁྲིལ་ མ་སྤྲོད་པས་ཟེར་ ཞུ་མི་ལུ་ ཁུངས་མེད་མི་དེ་ཡང་ ཁྲོམ་ཆགས་པའི་སྐབས་ལུ་ སྡོད་སའི་ཁྱིམ་ས་ཡང་ ཆགས་དགོཔ་ལས་བརྟེན་ཨིན་ཟེར་ ནང་སྲིད་བློན་པོ་གིས་ ཞུ་བའི་ཁར་ ས་ཆ་དེ་ གཞུང་གིས་གསལ་བཀོད་འབད་མི་ ཚད་གཞི་ཚུ་དང་འཁྲིལ་ སྤྲོད་ཡོདཔ་ལས་ དབང་ཚད་ལོག་སྤྱོད་འབད་བའི་ཉེས་པ་ཨིན་ཟེར་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༢༩༤ པའི་ ཉེས་འཛུགས་སྨིན་དགོཔ་མིན་འདུག་ཟེར་ཞུ་ཡི།
ནང་སྲིད་བློན་པོའི་ བརྒལ་ལན་༣ པ་དང་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱི་ སྒྲུབ་བྱེད་སྙན་གསན་དེ་ ད་རིས་ མཛད་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

1 comment:

  1. རང་སེམས་དཀར་པོ་ལུ་དྲི་མ་མེདན་ཡིད་དམ་ལྷ་གི་བཀོག་མི་བཞག་འོང་མེད་ན་་་་་་་་་་་

    ReplyDelete