གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཅའ་ཁྲིམས་ཆ་འཇོག་གྲུབ་པའི་ཉིནམ་ལས་ ཁྱབ་དབང་བསྟར་སྤྱོད་འབད་དགོཔ།

༡༦/༡/༢༠༡༣   ༉ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ ད་རེས་ནངས་པ་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་གཅིག་ཁར་ རྩོད་གཞི་ཕྱེ་བའི་བསྒང་ཡོདཔ་ད་ སྤྱི་ཟླ་༡ པའི་ཚེས་༡༤ ལུ་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱི་ བརྒལ་ལན་སྙན་གསན་མཛད་གནང་ཡི།


དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཁོ་ར་ མོང་སྒར་རྫོང་བདག་སྦེ་ ཕྱག་ཞུ་བའི་སྐབས་ལུ་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་ཨིནམ་ལས་ ཁོ་གིས་ རྒྱལ་པོའི་ཞིང་གི་ཁྲོམ་ཁར་ བགོ་བཀྲམ་འབད་མི་དེ་ རང་མོས་རྣམ་དག་ཐོག་ལུ་ མ་འགྱོ་བས་ཟེར་ ཉེས་རྩོད་ཀྱི་ཉེས་པ་བཀལ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ ཁོ་གིས་ ཁྲོམ་ས་བགོ་བཀྲམ་དེ་ གཞུང་གིས་ཚད་གཞི་བཀོད་མི་ ལམ་ལུགས་དང་ བཀའ་རྒྱ་ཚུ་ལུ་མ་གནས་པར་ བགོ་བཀྲམ་འབད་ཡོདཔ་ལས་ ཁྲོམ་སྡེའི་བཅའ་ཁྲིམས་༡༩༩༩ ཅན་མ་དང་འཁྲིལ་འབད་ཡི་ཟེར་ སླབ་མི་ལུ་ བཅའ་ཁྲིམས་ཀྱི་ ཁྱབ་དབང་མེདཔ་མ་ཚད་ ཁྱབ་དབང་ཡོད་དེ་འབད་རུང་ དང་པ་ར་ ས་གནས་དེ་ཁར་སྡོད་མི་ཚུ་གི་ བློ་འདོད་དང་འཁྲིལ་ བགོ་བཀྲམ་འབད་དགོཔ་ཨིན་མས་ཟེར་ཨིན་པས།
ཧེ་མའི་རྫོང་བདག་ ཀརྨ་རྡོ་རྗེ་ལུ་འབད་བ་ཅིན་ མོང་སྒར་གྱི་ཁྲོམ་ས་ བགོ་བཀྲམ་འབད་དགོ་པའི་སྐོར་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བཀའ་རྒྱ་གནང་ཡོདཔ་ཨིན་རུང་ རྒྱལ་པོའི་ཞིང་གི་ ཁྲོམ་སའི་ཐད་ལུ་ དེ་བཟུམ་གྱི་ བཀའ་གནང་སྟེ་མེདཔ་ལས་ གཞུང་གི་ལམ་ལུགས་དང་འཁྲིལ་ ཕྱག་ལཱ་མ་གནང་པས་ཟེར་ཨིན་པས།
སྤྱི་ལོ་༡༩༩༡ ལུ་ ཞབས་ཏོག་ལྷན་ཁག་གིས་གནང་མི་ བཀའ་རྒྱ་དང་ཡང་ མ་འཁྲིལ་བས་ཟེར་ཨིནམ་ད་ ལམ་ལུགས་དེ་དང་འཁྲིལ་བ་ཅིན་ དང་པ་ར་ ས་གནས་དེ་ཁར་ ཆོག་ཐམ་འཆང་ཐོག་ལས་ ཚོང་བཙོང་སྡོད་མི་ཚོང་པ་ཚུ་ལུ་ སྤྲོད་དགོཔ་མ་ཚད་ གཉིས་པ་ཟེརཝ་ད་ ས་གནས་ཁར་ཁྱིམ་རྐྱབ་སྡོད་མི་ དེ་ལས་ མཇུག་ར་གཞན་མི་ཚུ་ལུ་ བགོ་བཀྲམ་འབད་དགོཔ་ཨིན་རུང་ ད་ལྟོའི་གནས་སྟངས་དེ་ ཕྱི་འགྱུར་སོང་ཡོདཔ་ལས་ སྤྱི་ལོ་༡༩༩༨ དང་༡༩༩༩ ལུ་ ཞུ་ཡིག་བཙུགས་མི་ཚུ་ལུ་ཡང་ ས་ཆ་ཚུ་ ཐོབ་མ་ཚུགས་པས་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞུ་མིའི་ནང་ མ་གཞི་ ས་ཆ་བགོ་བཀྲམ་དེ་ ཚུལ་མཐུན་སྦེ་ སྤྲོད་དགོཔ་ཅིག་ཨིན་རུང་ ཁོ་གིས་ དགའ་དགའཝ་སྦེ་ སྤྲོད་ནུག་ཟེར་ཨིནམ་ད་ སྤྱི་ལོ་༡༩༩༡ ལུ་ རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མི་ བཀའ་རྒྱ་ཅིག་ནང་ཡང་ ས་ཆ་བགོ་བཀྲམ་འབད་ནི་དེ་ བཀག་འཛིན་འབད་དགོཔ་སྦེ་ཡོདཔ་ད་ གལ་སྲིད་སྤྲོད་རུང་ དང་པ་ ཚོང་པ་དང་ ཁྱིམ་རྐྱབ་སྡོད་མི་ དེ་ལས་རྐྱངམ་གཅིག་ གཞན་ལུ་སྤྲོད་དགོཔ་ཨིན་མས་ཟེར་ཨིན་པས།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཁོ་ར་ རྫོང་བདག་སྦེ་ སྡོད་པའི་སྐབས་ལུ་ ས་ཆ་ཨེ་ཀར་༡༤ དེ་ཅིག་ བགོ་བཀྲམ་འབད་ཡོད་པའི་གྲས་ལས་ སྤྱི་ལོ་༢༠༠༡ དང་༢༠༠༢ ལུ་ ས་ཚན་ཁག་༡༢.༧༤ ཐོབ་དགོཔ་མེད་མི་ཚུ་ལུ་ གཞུང་གི་ཚད་གཞི་དང་མ་འཁྲིལ་བར་ སྤྲོད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༡ ལུ་ ཁྲོམ་སའི་ས་ཚན་༢༦ ལས་༢༣ ཚུལ་མིན་ཐོག་ལས་ སྤྲོད་ཡོདཔ་ད་ ཁྱིམ་ས་༤༡ ཡོད་མི་ལས་ ས་ཚན་༣༢ ཚུལ་མིན་སྤྲོད་ཡོདཔ་ད་ སྤྱི་ལོ་༢༠༠༢ ལུ་ ས་ཚན་༧ སྤྲོད་ནུག་ཟེར་ཨིནམ་ད་ ཁོ་གིས་ དབང་ཚད་ལོག་སྤྱོད་ཐོག་ལས་ ས་ཚན་བསྡོམས་༢༢ གཡོ་སྒྱུའི་ཐོག་ལས་སྤྲོད་དེ་ ས་ཚན་ཚུ་ ཚོགས་ཆུང་གིས་ རྒྱན་ཤོག་འཐུ་བཅུག་སྟེ་ བགོ་བཀྲམ་འབད་ཡི་ཟེར་བཀོད་ཡོདཔ་ལས་ དེ་གི་ཉེས་པ་ལུ་བརྟེན་ ཁྲིམས་གཞུང་ཆེན་མོའི་ དོན་ཚན་ན་༡-༢ ཀྱི་ ཉེས་ཁྲིམས་སྨིན་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁོང་རའི་ བཅའ་ཁྲིམས་དང་འཁྲིལ་ཏེ་ འགན་ཁུར་མ་འབག་པར་ དབང་ཚད་ལོག་སྤྱོད་ཐོག་ལས་ ལཱ་འབད་ནུག་ཟེར་ཨིནམ་ད་ ཁོང་གི་བཅའ་ཁྲིམས་དེ་ སྤྱི་ལོ་༢༠༡༡ ལུ་རྐྱངམ་གཅིག་ ཆ་འཇོག་གྲུབ་ཅི་ཟེར་ཨིན་པས།
དེ་མ་ཚད་ རྩ་ཁྲིམས་ཆེན་མོ་དེ་ ཁྲིམས་ཀྱི་མ་ཨིནམ་ལས་ རྩ་ཁྲིམས་ཆེན་མོ་དང་ཡང་ འགལ་བ་ཡོད་ཟེར་ཨིནམ་ད་ ཨིན་རུང་ རྩོད་གཞི་བཙུགས་མི་གིས་ བཙུགས་ནི་དང་ ལེན་མི་གིས་ལེན་ཏེ་ རྩོད་གཞི་ཐུག་མི་དེ་ ཁྲིམས་འགལ་ཅིག་ཨིན་ཟེར་ཨིནམ་ད་ ཁོ་གིས་ཁྲིམས་འགལ་ཐོག་ལས་ ས་ཆ་བགོ་བཀྲམ་འབད་བ་ཅིན་ ཧེ་མ་ཡང་ ཁྲིམས་མེདཔ་མེནམ་ལས་ དེ་སྦེ་ བཞག་མ་བཏུབ་འོང་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོའི་དོན་ཚན་ཚུ་ཡང་ ལྷག་སྟེ་བྱིན་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དེ་བཟུམ་གྱི་ ལཱ་ངན་འབད་ནི་དེ་ ཁོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་ཚབ་འབད་མི་ལུ་བརྟེན་ དངོས་སུ་འབད་ནི་ཕར་བཞག་ གཉིད་ལམ་ནང་ཡང་ མ་མཐོང་ཟེར་ཨིནམ་ད་ མནོ་བསམ་ཡང་ གཏང་ནི་མི་འོང་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ ཁོ་ར་ རྒྱལ་ཁབ་ཀྱི་ཚོགས་དཔོན་ཅིག་འབད་མི་ལུ་བརྟེན་ ཁྲིམས་ལུགས་ཚུ་ཡང་ ཧ་གོ་ཟེར་ཨིནམ་མ་ཚད་ ཁྲིམས་བཟོ་མི་ཡང་ ཁོང་ར་ཨིནམ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཅའ་ཁྲིམས་ཆ་འཇོག་གྲུབ་པའི་ཉིནམ་ལས་ ཁྱབ་དབང་བསྟར་སྤྱོད་འབད་ནི་ འགོ་བཙུགས་དགོ་ཟེར་ཨིནམ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ད་རེས་ དེ་བཟུམ་གྱི་ ལཱ་འབད་མི་དེ་གིས་ རྩ་ཁྲིམས་ཆེན་མོ་དང་མི་མཐུན་མས་ཟེར་ཨིན་པས།
ཚོགས་དཔོན་གྱིས་འབད་བ་ཅིན་ ཁོ་ར་ རྫོང་བདག་སྦེ་ ཕྱག་ཞུ་བའི་གྲུབ་འབྲས་ཡང་ བརྒྱ་ཆ་ལས་བརྒྱ་བཏོན་ཚུགས་ཡོདཔ་ལས་ མི་སེར་ཚུ་ཡང་ སེམས་དགའ་སྟེ་ཡོད་ཟེར་ཨིནམ་ད་ ད་ལྟོ་ཚུན་ དེ་བཟུམ་གྱི་ གྲུབ་འབྲས་བཏོན་ཚུགས་མི་ རྫོང་བདག་མེདཔ་ལས་ ཁོ་གིས་ ངན་ལྷད་ཀྱི་ལཱ་འབད་དེ་ཡོད་པ་ཅིན་ ད་ལྟོའི་ གནས་རིམ་ནང་ཡང་ མ་ལྷོདཔ་འོང་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ ཧེ་མ་ རྒྱལ་པོའི་ཞིང་གི་ས་ཚན་ཚུ་ གཞུང་གི་ཁྲིམས་ལུགས་དང་འཁྲིལ་ཏེ་ར་ འབད་ཡི་ཟེར་ཨིནམ་ད་ དེ་བསྒང་ཡང་ མི་སེར་ཚུ་གི་ངོ་ཚབ་ རྒཔོ་དང་ ཚོགས་པ་ལ་སོགས་པ་ཚུ་ཡོདཔ་ལས་ ཁོང་ར་གིས་ འོང་མ་བཏུབ་མི་ལུ་བརྟེན་ ས་མ་ཐོབ་ཟེར་ཨིནམ་ད་ ས་ཆ་ཚུ་ཡང་ སྐྱིད་སྡུག་སྦེ་མེནམ་ལས་ གཞུང་ལུ་ ས་རིན་ཕུལ་ཏེ་ འདུག་ཟེར་ཨིན་པས།
ཁོ་གིས་ ཚོང་པ་༡༩ དེ་ཅིག་ལུ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྫོང་བདག་ཀརྨ་རྡོ་རྗེ་ལུ་ མོང་སྒར་གྱི་ ཁྲོམ་ས་བགོ་བཀྲམ་འབད་དགོ་པའི་ བཀའ་རྒྱ་ཡང་ ཕེབས་ཡོདཔ་ལས་ མོང་སྒར་ཟེར་གསུངསམ་ད་ རྒྱལ་པོའི་ཞིང་ཡང་ཨིནམ་ ཧ་གོ་དགོ་ཟེར་ཨིནམ་ད་ ཁོ་གིས་ ལཱ་ངན་འབད་འབདཝ་ཡོད་པ་ཅིན་ ཧེ་མ་ཡང་ གཞུང་ཁྲིམས་ཚུ་ མི་དབང་མཆོག་གིས་གཟིགས་ཏེ་ར་ བཞུགས་ཡོདཔ་ལས་ ད་རེས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲིམས་འགལ་གྱི་ལཱ་སྦོམ་འབད་དོ་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment