གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལ་ཡཔ་ཚུ་གིས་ དབང་ཞུ་ནི་དང་འབྲེལ་བའི་ སྨན་བཅོས་ཀྱི་ཁེ་ཕན་ཐོབ་ཡོདཔ།

༡༩/༡/༢༠༡༣   ༉ ད་རེས་ཁམས་ མགར་ས་རྫོང་ཁག་ ལ་ཡ་རྒེད་འོག་ལས་ དད་ཅན་ལེ་ཤ་ཅིག་ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཞུ་བར་འོང་སྟེ་ ལོག་རང་སོའི་གཡུས་ཁར་ སོང་ཡོདཔ་ཨིན་རུང་ མི་༣ མིག་ཏོ་གི་དཀའ་ངལ་ལུ་བརྟེན་ ཐིམ་ཕུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བར་ འོང་ཡོདཔ་ཨིན་པས།


ནདཔ་༣ དང་གཅིག་ཁར་ ནད་གཡོག་རྐྱབ་མི་༣ ཡོདཔ་ད་ ཁོང་རའི་ནང་མི་གཞན་ཚུ་ ད་ལྟོའི་བར་ན་ཡང་ སྤུ་ན་ཁའི་ཨ་རིང་ཚུ་ནང་ གུར་སྤུབས་ཏེ་ཡོད་མི་ཚུ་ནང་ རྟ་ཚུ་དང་གཅིག་ཁར་ བསྒུགས་ཏེ་ཡོདཔ་ཨིན་པས།
ལ་ཡ་ལུབ་ཅ་ལས་ སྐྱེས་ལོ་༣༣ ལང་མི་ པདྨ་འཕྲིན་ལས་ཀྱིས་བཤད་མིའི་ནང་ མ་གཞི་ ཁོང་ཆ་ཁྱབ་ སྤུ་ན་ཁ་ལུ་ དབང་ཞུ་བར་ འོང་ཡོདཔ་ཨིན་རུང་ དེ་གི་ཞོར་ཁར་ལུ་ ཁོ་རའི་ཨའི་གི་ མིག་ཏོ་སྨན་བཅོས་འབད་བར་ འབག་འོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལ་ཡ་ལས་ མགར་ས་ལྷོད་ནི་ལུ་ ཉིནམ་༡ ལས་བརྒལ་ མི་འགོར་དོ་ཡོདཔ་ཨིན་རུང་ ད་རེས་ མི་རྒན་རྒས་དང་ ཨ་ལུ་ཚུ་གཅིག་ཁར་འབད་ནི་དེ་གིས་ ཉིནམ་༢ འགོར་ཡོདཔ་ད་ མགར་ས་ལས་ སྤུ་ན་ཁ་ཚུན་ གླ་འཁོར་ནང་འཛུལ་འོང་ཡོདཔ་ཨིན་པས།
ཁོ་གི་ཨའི་གི་ མིག་ཏོག་ལུ་ སྐྱོན་ཞུགས་ཡོད་པའི་སྐོར་ལས་ ལ་ཡ་གྲོང་གཡུས་སྨན་ཁང་ནང་ དབྱེ་ཞིབ་འབདཝ་ད་ ཐིམ་ཕུ་སྨན་ཁང་ནང་ འགྱོ་དགོཔ་སྦེ་ སླབ་མི་དང་འཁྲིལ་ སྤུ་ན་ཁ་ལས་ གླ་འཁོར་ནང་འཛུལ་ཏེ་ ཐིམ་ཕུ་ལུ་ འོང་ཡི་ཟེར་ཨིན་པས།
སྐྱེས་ལོ་༢༠ ལང་མི་ རྡོ་རྗེ་མཁའ་འགྲོ་གིས་འབད་བ་ཅིན་ ཁོ་གི་ཨའི་ལུ་ཡང་ མིག་ཏོ་གི་དཀའ་ངལ་ཡོད་མི་ལུ་བརྟེན་ ནདཔ་གཞན་ཚུ་དང་གཅིག་ཁར་ ད་རིས་ གཤག་བཅོས་འབད་ནི་ཨིན་པས།
རྡོ་རྗེ་མཁའ་འགྲོ་གིས་ ཀུན་གསལ་ལུ་སླབ་མིའི་ནང་  ཁོ་ར་ སྤུ་ན་ཁ་ལུ་ འོང་བའི་སྐབས་ ཚོང་འབྲེལ་གྱི་དོན་ལུ་ ཆུ་སྒོར་དང་ མར་ དར་ཚིལ་ཚུ་ འབག་ཐོག་ལས་ ཆུམ་དང་གཅིག་ཁར་ བརྗེ་སོར་འབད་ཡི་ཟེར་ཨིནམ་ད་ ཁོ་གི་ཨའི་ གཤག་བཅོས་འབད་དེ་ སྨན་ཁང་ནང་ལས་གཏངམ་ཅིག་ དེ་འཕྲོ་ལས་ སྤུ་ན་ཁ་ལུ་ འགྱོ་ནི་ཟེར་ཨིན་པས།
ཁོང་ཆ་ཁྱབ་ འདས་པའི་རེས་གཟའ་ཉི་མ་ལུ་ ཐིམ་ཕུ་ལུ་ལྷོད་ཡོདཔ་བཞིན་དུ་ སྨན་ཁང་ནང་ སྡོད་ནིའི་གོ་སྐབས་མ་ཐོབ་པར་ ཐིམ་ཕུ་ཁྲོམ་གྱི་ བཟའ་ཁང་གཅིག་ནང་ ཞག་༢ སྡོད་པའི་ཤུལ་ལུ་ རེས་གཟའ་མིག་དམར་ལུ་ སྨན་ཁང་གི་ ནདཔ་བཞག་ཁང་ནང་ ཐོབ་ཅི་ཟེར་ཨིན་པས།
ཁོང་ཆ་ཁྱབ་ལུ་ ཐིམ་ཕུ་ལུ་སྡོད་མི་ གཉེན་ཉེཝ་ག་ཡང་མེད་ནི་དེ་གིས་ བཟའ་ཁང་ནང་སྡོད་པའི་སྐབས་ ཁང་གླ་དང་ བཟའ་འཐུང་ཚུ་རྩིསཝ་ད་ མི་རེ་གིས་ ཉིནམ་རེ་ལུ་ ཟད་འགྲོ་དངུལ་ཀྲམ་༡,༥༠༠ དེ་རེ་སྤྲོད་དགོཔ་མ་ཚད་ ད་ལྟོའི་བར་ན་ཡང་ ནད་གཡོགཔ་ཚུ་ བཞེས་སྒོ་ཉོ་ཟ་དོ་ཟེར་ཨིན་པས།
རྡོ་རྗེ་མཁའ་འགྲོ་དེ་ ལ་ཡ་ ལྟོ་ཀོ་གཡུས་ཚན་ནང་ལས་ཨིནམ་ད་ ཁོ་རའི་ཨའི་དེ་ མིག་ཏོ་ལེགས་ཤོམ་སྦེ་ མ་མཐོང་བའི་ དཀའ་ངལ་རྐྱངམ་གཅིག་འབད་ནི་དེ་གིས་ ཨ་རྟག་ར་ སྨན་ཁང་ནང་ ནདཔ་དང་གཅིག་ཁར་ སྡོད་དགོཔ་མེདཔ་ལས་ ནད་གཡོགཔ་གཞན་ཚུ་དང་གཅིག་ཁར་ ཐིམ་ཕུ་ཁྲོམ་ཁར་ སྡོད་དོ་ཡོདཔ་ཨིན་པས།
ལ་ཡཔ་ཚུ་གིས་ ཐིམ་ཕུ་ལུ་ ལོ་རེའི་ནང་ ཚར་རེ་ལས་བརྒལ་ འོང་ནི་མེདཔ་ཨིན་རུང་ དུས་ཅི་ སྨན་ཁང་ནང་འོང་མི་གིས་ ཐེངས་༢ པ་ཨིན་ཟེར་ཨིན་པས།
རྡོ་རྗེ་རྒྱལ་མཚན་གྱིས་སླབ་མིའི་ནང་ ད་རེས་ ནདཔ་དང་གཅིག་ཁར་འོང་ནི་དེ་གིས་ ཉོ་ཚོང་རྐྱབ་ནི་ རྒྱ་ཆེཝ་ཅིག་ ག་ནི་ཡང་མེད་ཟེར་ཨིནམ་ད་ ཨ་རྟག་ར་ དབྱར་རྩྭ་དགུན་འབུབ་ཚུ་ བཙོང་ཞིནམ་ལས་ ཐིམ་ཕུ་ལུ་འོང་སྟེ་ གྱོན་ཆས་ཀྱི་རིགས་དང་ ཕྱི་རྒྱལ་གྱི་མདའ་ཚུ་ ཉོ་འབག་ཐོག་ལས་ ཁོང་རའི་གཡུས་ཁར་ བཙོང་ནི་ཡོད་ཟེར་ཨིན་པས།
ནད་གཡོགཔ་ཚུ་གིས་སླབ་མིའི་ནང་ གལ་སྲིད་ ས་ཐག་རིང་ས་ལས་འོང་མི་ ནདཔ་ཚུ་གི་དོན་ལུ་ སྨན་ཁང་ནང་ བཞེས་སྒོ་ འབད་བཟའ་སའི་ ཐབ་ཚང་ཅིག་ཡོད་རུང་ བཏུབ་ནི་མས་ཟེར་ཨིནམ་ད་ ཞག་ཉལ་ནིའི་དོན་ལུ་ གདན་དང་མལ་ཆ་ཚུ་ སྤུ་ན་ཁ་ལས་ར་ འབག་འོང་ཡོདཔ་ལས་ ནདཔ་ཚུ་ཉལ་སའི་ ཉལ་ཁྲིའི་རྩ་བར་ ཉལ་དོ་ཡོདཔ་ཨིན་པས།
ལ་ཡ་ ལུབ་ཅ་ལས་ སྐྱེས་ལོ་༣༣ ལང་མི་ པདྨ་འཕྲིན་ལས་ཀྱིས་འབད་བ་ཅིན་ ཁོ་རའི་ཨའི་ སྐྱེས་ལོ་༧༣ ལང་མི་དེ་ ལོ་ན་རྒས་མི་ལུ་བརྟེན་ མིག་ཏོའི་དཀའ་ངལ་ལུ་བརྟེན་ ལ་ཡ་གི་ གྲོང་གཡུས་སྨན་ཁང་ནང་ དབྱེ་ཞིབ་འབད་བའི་ཤུལ་ལུ་ ད་རེས་ཐིམ་ཕུ་ལུ་ སྨན་བཅོས་འབད་བར་འོང་ཡོདཔ་ཨིན་པས།
སྨན་བཅོས་ཚུ་ འབད་ཚར་བའི་ཤུལ་ལུ་ འཕྲལ་ར་གཡུས་ཁ་ལོག་འགྱོ་ནི་དང་ གལ་སྲིད་ཡུན་རིང་སུ་སྦེ་ ཞག་ལུསཔ་འདྲཝ་ཅིག་འབད་བ་ཅིན་ ལམ་བདའ་སྟེ་ ཁཝ་གིས་ དཀའ་ངལ་ཚུ་འབྱུང་ནིའི་ ཉེན་ཁ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment