རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ མཐོ་གཏུགས་འབད་མི་དེ་ཡང་ གསོ་བའི་འགོ་དཔོན་༤ གིས་ སྤྱི་ལོ་༢༠༠༩ ལུ་ ཇར་མ་ནི་དང་ རྒྱ་ནག་གི་ ལྟ་སྐོར་སྐབས་ བཀྲམ་སྤེལ་བ་ལས་ བཟའ་ཉལ་གྱི་ ཟད་འཐུས་དང་ ཉིན་འཐུས་ལེན་ཡོདཔ་ལས་ ནང་གསུག་གི་གྲངས་སུ་ ཚུདཔ་ཨིན་རུང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ ཉེས་ཁྲིམས་མ་བཀལ་ནི་དེ་གིས་ཨིན་པས།
མཐོ་གཏུགས་འབད་དགོ་མིའི་ གནད་དོན་གཞན་དེ་ ལྟ་སྐོར་གྱི་སྐབས་ གསོ་བའི་འགོ་དཔོན་ཚུ་ལུ་ ཟད་འཐུས་དང་ ཉིན་འཐུས་སྤྲོད་མི་ཚུ་ ངན་ལྷད་དང་འབྲེལ་བའི་ ལྐོག་ཟ་ཨིནམ་ལས་ དེ་ཚུ་ ལོག་ལེན་ཐོག་ལས་ གཞུང་གི་རྩིས་ཁྲ་ནང་ བཙུགས་གནང་དགོ་པའི་ ཞུ་བ་ཕུལ་མི་དེ་ ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་མི་ལུ་བརྟེན་ཨིན་པས།
གསོ་བའི་ལྷན་ཁག་ སྨན་ཁབ་དང་ མཁོ་ཆས་སྡེ་ཚན་གྱི་ མཁོ་སྒྲུ་གཙོ་འཛིན་འགོ་དཔོན་ ངག་དབང་རྡོ་རྗེ་དང་ སོ་བཅོས་ལས་ཁུངས་ཀྱི་འགོ་འཛིན་ ཌོག་ཊར་བསམ་གྲུབ་ཨར་དབང་ཕྱུག་ བདག་སྐྱོང་དང་ དངུལ་རྩིས་སྡེ་ཚན་གྱི་འགོ་འཛིན་ གནག་མདོག་འབྲུག་པ་ རུས་ཚིགས་ལས་ཁུངས་ཀྱི་འགོ་འཛིན་ ཌོག་ཊར་ཚེ་དབང་འཕྲིན་ལས་༤ ལུ་ ལྟ་སྐོར་ལས་རིམ་ འགོ་འདྲེན་པ་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡོད་མི་ བི་ཀཱསི་སྨན་རིགས་བཀྲམ་སྤེལ་ལས་སྡེ་ལས་ གསུག་འབུལ་ངོས་ལེན་དང་ ཡིག་ཚང་གི་ ཚུལ་མིན་བྱ་སྤྱོད་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ རྫོག་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༣ པ་གིས་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ གསོ་བའི་འགོ་དཔོན་༤ རྒྱ་ནག་དང་ ཇར་མ་ནི་ལུ་ གསོ་བའི་མཁོ་ཆས་ བརྟག་དཔྱད་འབད་བར་སོང་མི་དེ་ ཁོང་རའི་ ཁེ་ཕན་དང་ སྒེར་དོན་ལུ་ ཐག་རང་བཅད་ཐོག་ལུ་ འགྱོ་འགྱོཝ་མིན་པར་ ལྷན་ཁག་གི་ བདག་སྐྱོང་ལམ་ལུགས་དང་འཁྲིལ་ སོང་ཡོདཔ་མ་ཚད་ ཁས་ལེན་གནས་གོང་རིན་བསྡུར་འབད་བའི་སྐབས་ རིན་བསྡུར་བཀོད་མི་ཁག་འབགཔ་ བི་ཀཱསི་སྨན་རིགས་བཀྲམ་སྤེལ་བ་གིས་མིན་པར་ ནོར་རྒྱས་མེ་ཌི་ཀཱལ་སྨན་རིགས་བཀྲམ་སྤེལ་བ་གིས་ ཐོབ་ཡོད་པའི་ཁར་ བི་ཀཱསི་སྨན་རིགས་བཀྲམ་སྤེལ་བའི་ཇོ་བདག་ དེབ་དཱསི་གིས་ ལྟ་སྐོར་དང་འབྲེལ་བའི་ མ་དངུལ་སྤྲོད་མི་དེ་གིས་ གཞུང་ལུ་ སྐུ་གྱོང་མ་ཕོག་པས་ཟེར་ཨིན་པས།
དེ་མ་ཚད་ རྩོད་ཟླ་༤ ལུ་ ཚུལ་མིན་བྱ་སྤྱོད་འབད་ཡོད་པའི་ དོགས་པ་མ་གཏོགས་ ཉེས་ལས་ངེས་བདེན་འཐབ་ཡོད་པའི་ ཐེ་ཚོམ་ལས་གྲོལ་བའི་ སྒྲུབ་བྱེད་མངོན་རྟགས་མ་བྱུང་པའི་ཁར་ རྒྱ་ནག་དང་ ཇར་མ་ནི་ལུ་འགྱོཝ་ད་ ལྷན་ཁག་གི་ གནང་བ་དང་འཁྲིལ་ སོང་ཡོདཔ་ལས་ ཡིག་ཚང་བྱ་སྤྱོད་ངན་པ་འཐབ་པའི་ ཉེས་འཛུགས་ལུ་ ངོས་ལེན་མཛད་ཐབས་མེད་པར་ ཉེས་གྲོལ་བཏང་ཡི་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
འགོ་ཐོག་སྐབས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གསོ་བའི་འགོ་དཔོན་༦ དང་ རྒྱ་ནག་དང་ ཇར་མ་ནི་ལུ་ ཉིན་གྲངས་༡༠ རེ་ ལྟ་སྐོར་འགོ་འདྲེན་འཐབ་མི་ དེབ་དཱསི་ལུ་ ཉེས་འཛུགས་འབད་ཡོད་རུང་ རྩ་ཁམས་དྲུང་འཚོ་ བཀྲིས་བསྟན་འཛིན་དང་ ཕུན་ཚོགས་གླིང་གི་ སྨན་རིགས་བཀྲམ་སྤེལ་ཁང་གི་ མཁོ་སྒྲུབ་འགན་འཛིན་པ་ ལྕགས་ཆུ་ཚེ་རིང་༢ གསོ་བའི་མཁོ་སྒྲུབ་ཀྱི་ རིན་བསྡུར་ཚོགས་ཆུང་ནང་ འབྲེལ་གཏོགས་དང་ ཤན་ཞུགས་ཞུགསཔ་མེདཔ་ལས་ ཉེས་བཤེར་འབད་དགོཔ་མེད་པར་ ཉེས་འཛུགས་ཕྱིར་བཏོན་གནང་ནུག།
ཁོང་གཉིས་ཆ་ར་ འབྲེལ་ཡོད་འགོ་འཛིན་གྱིས་ གདམ་ངོ་བཏོན་ཏེ་ གསོ་བའི་དྲུང་ཆེན་གྱིས་ འགོ་ཁྲིད་འབད་མི་ ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་གིས་ ལྟ་སྐོར་ལས་རིམ་༢ གནང་བ་གྲུབ་པའི་ཤུལ་ལུ་ ཌོག་ཊར་བཀྲིས་བསྟན་འཛིན་དེ་ ཇར་མི་ནི་ལུ་ སོང་ཡོདཔ་མ་ཚད་ ལྕགས་ཆུ་ཚེ་རིང་དེ་ རྒྱ་ནག་ལུ་ སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཉེས་འཛུགས་ཅན་ དེབ་དཱསི་གིས་ གསོ་བའི་འགོ་དཔོན་༦ ལུ་ རྒྱ་ནག་དང་ ཇར་མ་ནི་རྒྱལ་ཁབ་གཉིས་ནང་ གསོ་བའི་མཁོ་ཆས་བརྟག་དཔྱད་ཀྱི་ ལྟ་སྐོར་ལུ་འགྱོཝ་ད་ ཟད་འགྲོ་མ་དངུལ་ཚུ་ གཡོ་སྒྱུ་དང་ གསུག་འབུལ་ཐོག་ལས་ བྱིན་ཡོད་པའི་ཉེས་འཛུགས་ ཁྲིམས་འདུན་ལུ་ ཕུལ་ཡོད་རུང་ ཉེས་འཛུགས་ཅན་མེད་མི་ལུ་བརྟེན་ ཉེས་བཤེར་མཛད་ཐབས་མེད་པར་ འཁྲུན་ཆོད་གནང་གྲུབ་ཅི་ཟེར་ གྲོས་ཆོད་ནང་བཀོད་ནུག།
སྤྱི་ལོ་༢༠༠༩ ཟླཝ་༤ པའི་ཚེས་༢༦ ལས་ ཉིན་གྲངས་༡༠ གྱི་དོན་ལུ་ རྒྱ་ནག་གི་ས་གནས་ ཕོ་ཤཱན་ལུ་ ངག་དབང་རྡོ་རྗེ་དང་ ཌོག་ཊར་བསམ་གྲུབ་ཨར་དབང་ཕྱུག་ ལྕགས་ཆུ་ཚེ་རིང་ཚུ་ སོང་ཡོདཔ་ད་ ཁོང་གིས་ འགྲོ་འགྲུལ་ཟད་འཐུས་ དངུལ་ཀྲམ་༧༣,༥༧༥ རེ་དང་ ཉིན་འཐུས་ཡུ་ཨེསི་ཌོ་ལར་༡,༥༠༠ རེ་ ལེན་ཡོདཔ་མ་ཚད་ ཇར་མ་ནི་ལུ་འགྱོཝ་ད་ ཟད་འཐུས་དངུལ་ཀྲམ་༩༣,༣༢༣ རེ་དང་ ཉིན་འཐུས་ཡུ་རོ་༡,༥༠༠ རེ་ ལེན་ཡོདཔ་ཨིན་པས།
ཇར་མ་ནི་ལུ་སོང་མིའི་གྲངས་སུ་ ཌོག་ཊར་ཚེ་དབང་འཕྲིན་ལས་དང་ ཌོག་ཊར་བཀྲིས་བསྟན་འཛིན་ གནག་མདོག་འབྲུག་པ་༣ ཡང་ཡོདཔ་ཨིན་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།
No comments:
Post a Comment