གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་༣ ལུ་ བརྒལ་ལན་སྙན་གསན་ཐེངས་༡ པ།

༥/༡/༢༠༡༣   ༉ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྒྱལ་པོའི་ཞིང་གི་ས་ཆ་བགོ་བཀྲམ་ནང་འབྲེལ་བཏོགས་འབད་མི་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་༣ ལུ་ བརྒལ་ལན་སྙན་གསན་ཐེངས་༡ པ་དེ་ ཁ་ཙ་ མཛད་གནང་ཡི།


དེ་བསྒང་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་འོག་མ་ མོང་སྒར་རྫོང་ཁག་གི་ རྫོང་རབ་བགྲེསཔ་ རྟ་པོ་དང་ ས་ཆ་བགོ་བཀྲམ་འཐུས་མིའི་ དྲུང་ཆེན་གྱི་འགན་འཁྲི་འབག་མི་ བཀྲིས་ནོར་བུ་ཤེར་པ་ དེ་ལས་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་ སི་ཨེལ་ དཱསི་ཨིནམ་ད་ ཁོང་འཐུས་མི་༣ གྱིས་ ཚོགས་ཆུང་གི་འགན་འཁྲི་དེ་ ཚུལ་མིན་ཐོག་ལས་ འབག་མི་ལུ་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞི་རྩོད་ཀྱི་ཉེས་འཛུགས་འབད་དོ་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ས་ཆ་བགོ་བཀྲམ་གྱི་ ཁྲི་འཛིན་འོག་མ་ རྫོང་རབ་བགྲེསཔ་ རྟ་པོ་གིས་ ཁོ་ར་ ས་ཆ་བགོ་བཀྲམ་གྱི་ ཁྲི་འཛིན་འོག་མའི་ འགན་འཁྲི་ཕོག་ཡོད་རུང་ གཞུང་གི་ཁྲིམས་དང་ལམ་ལུགས་ དེ་ལས་ ས་ཆ་བགོ་བཀྲམ་འབད་ཆོག་པའི་ གཞུང་གི་བཀོད་དེ་ཡོད་མི་ཚད་གཞི་ཚུ་ ཚང་མ་ཚང་ ཤེས་དགོ་ནི་ཅིག་ཨིན་པས།
ཨིན་རུང་ ཁོ་གིས་ འགན་འཁྲི་དེ་ ལེགས་ཤོམ་སྦེ་མ་འབག་པར་ སྤྱི་ལོ་༢༠༠༥ ལུ་ མོང་སྒར་སྒྲ་མེད་རྩེ་གྲྭ་ཚང་དང་ བུམ་ཐང་མཁར་ཆུ་གྲྭ་ཚང་ དེ་ལས་ སྐུ་འཁོར་དང་ ཀུ་རི་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་ཅིག་ལུ་ ཚད་གཞི་དང་མ་འཁྲིལ་བར་ ས་ཆ་བགོ་བཀྲམ་འབད་ཡོདཔ་ལས་ ཉེས་འཛུགས་འབདཝ་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༠༡ ལུ་ཡང་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་འོག་མ་ཨིནམ་ད་ དེ་བསྒང་ཡང་ ཁྲོམ་སའི་ས་ཚན་༢༦ དང་ སྡོད་ཁྱིམ་གྱི་ས་ཚན་༤༡ སྤྲོད་ཡོད་མི་ཚུ་ཡང་ ཁྲིམས་མཐུན་ཐོག་ལུ་ འཐོབ་ཁུངས་ཡོད་མི་ཚུ་ལུ་ བགོ་བཀྲམ་མ་འབད་བར་ ས་ཆ་འཐོབ་འདོད་མེད་མི་ཚུ་ལུ་ བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
རྟ་པོ་གིས་འབད་བ་ཅིན་ ས་ཆ་བགོ་བཀྲམ་འབད་མི་དེ་ སྤྱི་ལོ་༡༩༩༡ ལུ་ གཞུང་ལས་ རྫོང་བདག་སྤྱི་ཁྱབ་བརྒྱུད་དེ་ལྷོད་མི་ ཡིག་གུ་དང་འཁྲིལ་ བགོ་བཀྲམ་འབད་ཡི་ཟེར་ཞུ་མི་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ སྤྱི་ལོ་༡༩༩༡ ལུ་ གཞུང་ལས་གནང་ཡོད་མི་ ཡིག་གུ་ནང་ ས་ཆ་བགོ་བཀྲམ་དེ་ དང་པ་ར་ ས་གནས་དེ་ཁར་སྡོད་མི་ ལག་ཁྱེར་ཐོག་ལུ་ ཚོང་རྐྱབ་སྡོད་མི་ དེ་ ལས་ ས་གནས་དེ་ཁར་ གཞིས་ཆགས་སྡོད་མི་ཚུ་ལུ་ བགོ་བཀྲམ་འབད་དགོ་ཟེར་ ཡོདཔ་མ་བཏོགས་ ག་ཐོབ་སྦེ་ འཐོབ་འདོད་བཀོད་འོང་མི་ཚུ་ལུ་ གཞུང་གི་ ཚད་གཞི་བཀོད་དེ་ཡོད་མི་ལུ་ གནས་མི་ཚུ་ལུ་ བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
དེ་མ་ཚད་ ཁོ་ར་ ཁྲི་འཛིན་འོག་མ་ཅིག་འབད་བ་ལུ་བརྟེན་ ས་ཆ་ཚུ་ བགོ་བཀྲམ་འབད་བའི་སྐབས་ལུ་ གཞུང་གི་ལམ་ལུགས་དང་འཁྲིལ་ ས་ཆ་འཐོབ་འདོད་ཀྱི་ ཚད་གཞི་ཚུ་ ཚུལ་དང་མཐུན་མི་མཐུན་ བལྟ་དགོཔ་ཨིན་རུང་ ཁོ་གིས་འགན་འཁྲི་དེ་ རང་མོས་རྣམ་དག་འབད་མ་འབག་པར་ ཡིག་ཚང་གི་ བྱ་སྤྱོད་ངན་པ་འམ་ ཚུལ་མིན་ཐོག་ལུ་ ལཱ་འབད་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ ཞི་རྩོད་ཀྱི་ཉེས་འཛུགས་འབདཝ་ཨིན་པས།
དེ་བཟུམ་སྦེ་ དེ་བསྒང་ ཚོགས་ཆུང་གི་འཐུས་མིའི་དྲུང་ཆེན་ བཀྲིས་ནོར་བུ་ཤེར་པ་གིས་ཡང་ ཁོ་ར་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མིའི་དྲུང་ཆེན་ཅིག་ཨིན་རུང་ ས་ཆ་བགོ་བཀྲམ་འབད་ནིའི་དོན་ལུ་ ཞུ་ཡིག་བཙུགས་མི་དེ་ ཚད་གཞི་བཟོ་མི་ཚུ་དང་འཁྲིལ་ བགོ་བཀྲམ་གྱི་ལམ་ལུགས་ ཚུལ་མཐུན་ཡོད་མེད་བཟོ་ནི་དེ་ ཁོ་གི་འགན་ཁུར་ཨིན་རུང་ ཁོ་གིས་ཡང་ གཞུང་གིས་བཀོད་དེ་ཡོད་མི་ ཚད་གཞི་ཚུ་དང་མ་འཁྲིལ་བར་ ས་ཆ་བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་འབད་བ་ཅིན་ ས་ཆ་བགོ་བཀྲམ་འབད་དགོ་མི་དེ་ཡང་ ཁྲི་འཛིན་གྱི་བཀའ་བཞིན་དུ་ ལཱ་འབད་ཡི་ཟེར་ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ རང་གི་འགན་འཁྲི་དེ་ རང་གིས་མ་འབག་པར་ ཁྲི་འཛིན་ཅིག་ལུ་ ཁ་ཉེས་བཀལ་ནི་དེ་ མི་བཏུབ་ཟེར་ཨིནམ་ད་ ས་ཆ་བགོ་བཀྲམ་གྱི་ཚོགས་ཆུང་བཟོ་མི་དེ་ར་ མི་མང་གི་ཕན་ཐབས་ལུ་ འགན་འཁྲི་དེ་ རང་མོས་རྣམ་དག་ཐོག་ལུ་ འབག་ནིའི་དོན་ལུ་ བཟོ་བཟོཝ་ཨིན་མས་ཟེར་ཨིན་པས།
ས་ཆ་བགོ་བཀྲམ་གྱི་སྐབས་ལུ་ གྲྭ་ཚང་དང་ སྒེར་སྡེ་ཚུ་ལུ་ ཚད་གཞི་དང་མ་འཁྲིལ་བར་ ས་ཆ་བགོ་བཀྲམ་འབད་མི་ཆོག་ཟེར་ཞུ་བ་འབད་དེ་ ས་ཆ་སྤྲོད་ནི་ལུ་རྒྱབ་སྐྱོར་མེད་པའི་ཐོག་ལས་ གྲོས་བསྟུན་འབད་ཡི་ཟེར་ སླབ་མི་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཁོ་གིས་གྲོས་བསྟུན་འབད་ཡོད་པ་ཅིན་ སྤྱི་ལོ་༡༩༩༩ གི་ ཁྲོམ་སྡེའི་བཅའ་ཁྲིམས་དང་འཁྲིལ་ གྲངས་མང་ཐོག་ལུ་ ཚོགས་རྒྱན་ཅིག་བསྐྱུར་ཏེ་འོང་དགོཔ་ཨིན་རུང་ མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་འབད་བ་ཅིན་ ཚོགས་ཆུང་གི་ གསུང་གྲོས་གནང་མིའི་གྲོས་ཆོད་གུ་ ལག་ཐིའུ་ཡང་ མ་རྐྱབ་ཟེར་བཀོད་མི་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ སྤྱི་ལོ་༡༩༩༩ གི་ ཁྲོམ་སྡེ་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ གྲོས་ཆོད་གུ་ ཐིའུ་རྐྱབ་ནི་དེ་ ཁྲི་འཛིན་རྐྱངམ་གཅིག་གིས་ རྐྱབ་དགོཔ་སྦེ་ཡོདཔ་ལས་ ཁོ་གིས་ ཐིའུ་མ་རྐྱབ་པར་ཟུར་སྡོད་མི་དེ་ གནད་དོན་དེ་ཨིན་ཟེར་ཨིན་པས།
ཁོ་གིས་ཡང་ ཁོ་ར་ འཐུས་མིའི་དྲུང་ཆེན་ཅིག་གི་ འགན་འཁྲི་ཕོག་ཡོད་རུང་ ས་ཆ་བགོ་བཀྲམ་དེ་ གཞུང་གིས་ ཚད་གཞི་བཀོད་མི་ལམ་ལུགས་དང་མ་འཁྲིལ་བར་ ས་ཆ་འཐོབ་ཁུངས་མེད་མི་ཚུ་ལུ་ སྤྲོད་ཡོདཔ་ལས་ ཡིག་ཚང་གི་ འགན་འཁྲི་ལོག་སྤྱོད་འབད་བའི་ ཉེས་འཛུགས་འབདཝ་ཨིན་པས།
དེ་བཟུམ་སྦེ་ ཞི་རྩོད་ཀྱི་ཉེས་འཛུགས་ཅན་ སི་ཨེལ་ དཱསི་གི་ཡང་ ཁོ་ར་ དེ་བསྒང་ རྫོང་ཁག་གི་ བཟོ་རིག་འགོ་དཔོན་མེན་རུང་ འགོ་དཔོན་གྱི་ཚབ་སྦེ་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ ཞལ་འཛོམས་ནང་ བཅའ་མར་གཏོགས་ཡོདཔ་ལས་བརྟེན་ དོན་ཆེད་འབད་ར་ ས་ཆ་བགོ་བཀྲམ་དེ་ རང་མོས་རྣམ་དག་ཐོག་ལུ་ འགྱོ་ནིའི་དོན་ལས་ ཚོགས་ཆུང་གི་འཐུས་མིའི་ འགན་ཁྲི་ཕོག་ཡོད་རུང་ ཁོ་གིས་ཡང་ འགན་འཁྲི་དེ་མ་འབག་པར་ ས་ཆ་ཚུ་ ཚད་གཞི་དང་མ་འཁྲིལ་བར་བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཆ་བགོ་བཀྲམ་དེ་ ཚད་གཞི་དང་མ་འཁྲིལ་བར་ གྲྭ་ཚང་དང་ སྒེར་སྡེ་ལུ་ སྤྲོད་བཏུབ་མ་བཏུབ་པའི་སྐོར་ལས་ ཞུ་ཡི་ཟེར་ སླབ་དོ་ཡོད་རུང་ དེ་བཟུམ་གྱི་ ལོ་རྒྱུས་སླབ་ཡོད་པ་ཅིན་ གཞུང་གི་ཁྲིམས་ལུགས་དང་འཁྲིལ་ གྲངས་མང་གི་ཚོགས་རྒྱན་ཅིག་ བསྐྱུར་ཡོདཔ་འོང་ནི་ཨིན་རུང་ དེ་ཡང་ མིན་འདུག་ཟེར་ཨིན་པས།
ཁོ་གིས་ཡང་ ཁོ་ར་དྲག་རུང་ཞན་རུང་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མིའི་འགན་ཁུར་འབག་མི་ཅིག་ཨིན་རུང་ ཁོ་གིས་ འགན་འཁྲི་དེ་ རང་མོས་རྣམ་དག་ཐོག་ལས་མ་འབག་པར་ ཡིག་ཚང་གི་འགན་འཁྲི་ ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས་འབད་དོ་ཡོདཔ་ཨིན་པས།
ཁོང་ ཞི་རྩོད་ཀྱི་ཉེས་འཛུགས་ཅན་༣ གྱིས་ བརྒལ་ལན་སྙན་གསན་ ཐེངས་༢ པ་དེ་ སྤྱི་ཟླ་༡ པའི་ཚེས་༨ ལུ་ མཛད་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment