གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པ་ལུ་ སྲིད་ཚོགས་༤ པའི་ ཐོ་བཀོད་ལག་ཁྱེར།

བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ ཚོགས་པའི་ཁྲི་འཛིན་ ལི་ལི་དབང་ཕྱུག་ལུ་ ཚོགས་པའི་ཐོ་བཀོད་ལག་ཁྱེར་ སྤྲོད་པའི་བསྒང་།
 ༨/༠༡/༢༠༡༣། ༉ དང་འདོད་ཅན་གྱི་སྲིད་ཚོགས་གསརཔ་༣ གྱི་གྲས་ལས་ ཁ་ཙ་ འབྲུག་སྤྱིར་དབང་ཚོགས་པ་གིས་ བཙག་འཐུ་ལྷན་ཚོགས་ལས་ ཐོ་བཀོད་ལག་ཁྱེར་ཐོབ་སྟེ་ འབྲུག་གི་སྲིད་ཚོགས་༤ པའི་ ངོས་འཛིན་འབད་ཡོདཔ་བཞིན་དུ་ དུས་ཅི་ དང་འདོད་ཅན་གྱི་སྲིད་ཚོགས་ཚུ་གི་གྲས་ལས་ སྲིད་ཚོགས་གསརཔ་ ཐོ་བཀོད་གྲུབ་མི་༢ པ་ཨིན་པས།

འབྲུག་སྤྱིར་དབང་ཚོགས་པ་ལུ་ ཐོ་བཀོད་ལག་ཁྱེར་གནངམ་དང་འབྲེལ་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ སྲིད་ཚོགས་ག་ར་ཨིན་རུང་ རྒྱལ་ཁབ་གཞན་དང་མ་འདྲ་བའི་ ཁྱད་འཕགས་ཅན་གྱི་ དམངས་གཙོའི་རིང་ལུགས་ དར་ཁྱབ་གཏང་ནིའི་ནང་ གཙོ་རིམ་བཟུང་སྟེ་ འགན་འཁྲི་འབག་དགོཔ་ ཁག་ཆེ་ཟེར་ཨིན་པས།

འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་ཅིག་ནང་ རྒྱུ་དང་སྟོབས་ཀྱི་དབང་ལུ་བཏང་སྟེ་ དབང་ཤུགས་ཀྱི་ རིང་ལུགས་དོན་ལུ་ ས་གོ་མེད་ཟེར་ ཚོགས་པའི་འཐུས་མི་ཚུ་ལུ་ དྲན་གསོ་འབད་ཡི།


ཚོགས་པའི་ཁྲི་འཛིན་ ལི་ལི་དབང་ཕྱུག་གིས་ གསལ་བཤད་འབད་མིའི་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་པ་དེ་གི་ ངོ་འབྱོར་ལུ་ ཐོ་བཀོད་ལག་ཁྱེར་གནང་མི་དེ་ ཚོགས་པའི་དོན་ལུ་ རྒྱལ་རབས་དང་ལྡན་པའི་ གནས་སྐབས་ཅིག་ཨིན་ཟེར་བཤད་ཅི།


མོ་གིས་སླབ་མིའི་ནང་ གནས་སྐབས་དེ་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ འབྲུག་སྤྱིར་དབང་ཚོགས་པ་གིས་ དད་དམ་གཙང་མའི་ཐོག་ལས་ ཕྱག་ཞུ་ནི་གི་ གལ་ཅན་འགན་འཁྲི་ཚུ་ དྲན་ཚོར་འབད་དགོ་པའི་ གནས་སྐབས་ཅིག་ཡང་ ཨིན་ཟེར་བཤད་ཅི།


ཚོགས་པ་དེ་ རྒྱལ་ཁབ་ཀྱི་རྩ་བ་གསུམ་ལུ་ དད་དམ་ཅན་གྱི་མི་སེར་ དྲག་ཞེན་ཆེ་ཆུང་དང་ རྒས་གཞོན་ཕོ་མོ་ལ་སོགས་པའི་སྣ་མང་ཚོགས་པའི་ཐོག་ལས་ གཞི་བཙུགས་འབད་ཡི་ཟེར་ཨིནམ་ད་ དེ་ལུ་བརྟེན་ རྒྱལ་ཁབ་ནང་ ལེགས་འགྱུར་ཅིག་ འབག་འོང་ནི་གི་དམིགས་དོན་ཐོག་ གཅིག་མཐུན་དང་ གོང་འཕེལ་ དེ་ལས་ དགའ་སྐྱིད་ཀྱི་དོན་ལུ་ གཙོ་བོར་བཏོན་ཏེ་ ཕྱག་ཞུ་ནི་གི་ དང་འདོད་བསྐྱེདཔ་ཨིན་ཟེར་ཨིན་པས།


དེ་ལས་ ཐོ་བཀོད་ལག་ཁྱེར་ལེན་པའི་ཤུལ་ལུ་ ཚོགས་པའི་བརྡ་བརྒྱུད་དང་ གནས་ཚུལ་ཞལ་འཛོམས་ཐེངས་དང་པ་ འགོ་འདྲེན་འཐབ་མིའི་ནང་ མ་གཞི་ སྲིད་ཚོགས་ཆ་མཉམ་གྱི་དམིགས་དོན་དེ་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་ཅིག་ཨིན་རུང་ ཚོགས་པ་དེ་གིས་ ཕྱག་ཞུ་ཐངས་ཀྱི་ ལམ་ལུགས་དེ་ སྲིད་ཚོགས་གཞན་དང་ རྩ་བ་ལས་ར་ མ་འདྲཝ་སྦེ་ཡོད་ཟེར་ཨིན་པས།


དེ་ཡང་ ཚོགས་པའི་ཁྲི་འཛིན་གྱིས་ བཤད་མིའི་ནང་ ཚོགས་པ་དེ་གིས་ ལྟག་ལས་མར་ བཀའ་གནང་ནིའི་ རིང་ལུགས་ཐོག་མིན་པར་ མི་སེར་གྱི་འོག་ལས་སྦེ་ ཕྱག་ཞུ་ནི་དེ་ ཚོགས་པའི་མཐུན་མོང་མ་ཡིན་པའི་ ལམ་ལུགས་ཅིག་ཨིན་ཟེར་བཤད་ཅི།


ཚོགས་པ་དེ་གིས་འབད་བ་ཅིན་ ད་ཚུན་ གོང་འཕེལ་གྱི་ལས་རིམ་ཚུ་ ལྷོད་མ་ཚུགས་པར་ལུས་མི་  གྲོང་གསེབ་གྱི་ ཉམ་ཆུང་ཚུ་གི་མཐའ་དོན་ལུ་ཡང་ གོང་འཕེལ་གྱི་ གོ་སྐབས་ཚུ་ ལྷོད་ཚུགསཔ་སྦེ་འབད་ནི་དང་ ཕན་བདེའི་མཐའ་དོན་ རྒྱབ་སྐྱུར་ལུས་མི་ དཀའ་ངལ་ཅན་གྱི་ མི་སྡེ་ཚུ་གི་མཐའ་དོན་ཚུ་ཡང་ ཞིབ་རྟོགས་ཐོག་ ལག་ལེན་འཐབ་ཚུགསཔ་འབད་ནི་དེ་ ཚོགས་པའི་གནད་དོན་ གཙོ་བོ་ཅིག་ཨིན་སྦེ་ བཤད་ཅི།


ཚོགས་པའི་ཁྲི་འཛིན་གྱིས་ བཤད་མིའི་ནང་ གྲོང་གསེབ་གཡུས་ཚན་ནང་ གོང་འཕེལ་གྱི་གནས་རིམ་མེད་པར་ དགའ་སྐྱིད་ཀྱི་ གནས་སྐབས་མིན་འདུག་ཟེར་ཨིནམ་མ་ཚད་ ཁྲིམས་འགལ་གྱི་ བྱ་ངན་ནང་ འབྲེལ་གཏོགས་ཅན་ ཡོངས་བསྡོམས་ལས་ བརྒྱ་ཆ་༥༠ ན་གཞོན་ཚུ་ཡོདཔ་ལས་ དེ་གིས་ མི་སྡེའི་ནང་ མི་སེར་སྡེ་ཚན་ཅིག་ལུ་ དཀའ་ངལ་ཡོད་པའི་ བརྡ་སྟོན་འབདཝ་ལས་ དེ་ཚུའི་ དཀའ་ངལ་སེལ་ཐབས་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།


འབྲུག་སྤྱིར་དབང་ཚོགས་པ་ ཐོ་བཀོད་གྲུབ་མི་གིས་ རྒྱལ་ཁབ་ནང་ ཨམ་སྲུའི་ཁྲི་འཛིན་ཐོག་གི་ སྲིད་ཚོགས་དང་པ་ཨིན་པའི་ ངོས་འཛིན་ཡོདཔ་མ་ཚད་ ཚོགས་པའི་དོན་ལུ་ ཨམ་སྲུའི་ཁྲི་འཛིན་དེ་ཡང་ སྲིད་ཚོགས་གཞན་དང་ མ་འདྲ་བའི་གནད་དོན་ཅིག་ཨིན་ཟེར་བཤད་ཅི།


ཁྲི་འཛིན་གྱིས་ སླབ་མིའི་ནང་ ད་ཚུན་གྱི་རིང་ རྒྱལ་ཁབ་ནང་ གཞུང་སྐྱོང་ལམ་ལུགས་དེ་ ཕོ་སྐྱེས་ཀྱི་ དབང་སྒྱུར་ཅན་སྦེ་ གནས་ཡོདཔ་ལས་ ཨམ་སྲུའི་མནོ་ལུགས་དང་འབྲེལ་བའི་ གནད་དོན་ཚུ་ གཞུང་སྐྱོང་རིང་ལུགས་ནང་ རྒྱབ་སྐྱུར་སྦེ་ ལུས་ནུག་ཟེར་ཨིནམ་ད་ དེ་འབད་ནི་དེ་གིས་ མོ་བཟུམ་སྦེ་ ཨམ་སྲུ་ཚུ་གིས་ འགོ་ཁྲིད་ནང་ འབྲེལ་གཏོགས་འབད་མི་གིས་ ཨམ་སྲུའི་མནོ་ལུགས་ཀྱི་ གཞུང་སྐྱོང་དང་ གོང་འཕེལ་གྱི་རིང་ལུགས་ཚུ་ནང་ གཅིག་སྒྲིལ་ཐོག་ ཆ་ཚང་ཚུད་ནི་ལུ་ དགོས་པ་ཡོད་ཟེར་ཨིན་བཤད་ཅི།


ད་ལས་ཕར་ ཚོགས་པ་དེ་གི་ གནས་སྐབས་ཀྱི་འདེམས་ངོ་༤༦ ཐོ་བཀོད་འབད་ཡོད་མི་ཚུ་ཡང་ ཚོགས་པའི་ཚད་གཞི་ དོན་ཚན་༡༠ ཡོད་མི་ལུ་ གཞི་བཞག་ཐོག་ བསྐྱར་ཞིབ་འབད་དེ་ གཏན་འཁེལ་འབད་ནིའི་ལཱ་ཚུ་ འགོ་བཙུགས་ནི་ཨིན་པའི་ཁར་ རྫོང་ཁག་༢༠ ནང་ ཚོགས་པའི་ཡན་ལག་ཡིག་ཚང་ གཞི་བཙུགས་ཀྱི་ལཱ་ཚུ་ལུ་ཡང་ གཙོ་བོར་བཏོན་ཐོག་ལས་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ། 


བསམ་གཏན་ཡེ་ཤེས།

No comments:

Post a Comment