གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་སྐྱེལ་བཱསི་ མེ་རྐྱེན་བྱུང་མི་ལུ་ དབྱེ་ཞིབ་འབད་དོ་ཡོདཔ།

གསེར་ཉ་སྐྱེལ་འདྲེན་བཱསི་ལུ་ གློ་བུར་དུ་ མེ་རྐྱེན་བྱུང་བའི་བསྒང་།
༨/༠༡/༢༠༡༣། ༉ ཆུ་ཁ་རྫོང་ཁག་ དགེ་འདུ་ལུ་ཡོད་པའི་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༦ གི་ཕྱི་རུ་ ཧཱ་ལས་ ཕུན་ཚོགས་གླིང་ལུ་འགྱོ་མི་ གསེར་ཉ་མི་མང་སྐྱེལ་འདྲེན་བཱསི་དེ་ འགྲུལ་སྐྱོད་འབད་བའི་བར་ན་ གློ་བུར་དུ་ མེ་རྐྱེན་བྱུང་ཡོད་པའི་སྐོར་ལས་ དབྱེ་ཞིབ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།

འགྲུལ་པ་༢༢ ཤོང་མི་ བཱསི་དེ་ དེ་ཚེ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༦ དེ་ཅིག་ཁར་ དགེ་འདུ་ལས་ ཀི་ལོ་མི་ཊར་ཕྱེད་དང་༢ དེ་ཅིག་གི་ ས་ཁར་ཡོད་པའི་ འཇོ་མོ་བྱག་དང་ དར་ལའི་ལམ་རྒྱ་གྲམ་གྱི་ ཉེ་འདབས་ལུ་ལྷོདཔ་ད་ མེ་རྐྱེན་བྱུང་ཡོདཔ་ཨིན་པས།


ཨིན་རུང་ བཱསི་དེ་ནང་ འགྲུལ་སྐྱོད་འབད་མི་ཚུ་ དུས་ཐོག་ལུ་ ཕྱི་ཁར་ཐོན་ཚུགས་ནི་དེ་གིས་ གནོད་སྐྱོན་ཚུ་ ག་ཅི་ཡང་ མ་བྱུངམ་ཨིན་པས།

དགེ་འདུ་ལུ་ཡོད་པའི་ དབང་འཛིན་གྱི་འགོ་དཔོན་ གནག་མདོག་གིས་འབད་བ་ཅིན་ དེ་ཚེ་ ཕྱི་རུའི་ཆུ་ཚོད་༥:༤༠ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ཚུ་གིས་ བརྒྱུད་འཕྲིན་ཐོག་ བྱུང་རྐྱེན་གྱི་སྐོར་ལས་ སླབ་མི་དང་འཁྲིལ་ དེ་འཕྲོ་ལས་ ས་ཁོངས་ནང་ སོང་ཡི་ཟེར་ཨིནམ་ད་ ས་ཁོངས་ནང་ ལྷོད་པའི་བསྒང་ལས་ མེ་སྦོམ་སྦེ་ འབར་ཡོདཔ་ལས་ མེ་བསད་མ་ཚུགས་ཟེར་ཨིན་པས།


ཨིན་རུང་ ཉེ་འདབས་ལུ་ ཆུ་ཆུང་ཀུ་ཅིག་ཡོད་མི་དེ་ ལག་ལེན་འཐབ་སྟེ་ ཕྱི་རུའི་ཆུ་ཚོད་༦:༡༥ དེ་ཅིག་ལུ་ མེ་བསད་ཚུགས་ཡོདཔ་ད་ དེད་གཡོགཔ་དང་ དེད་གཡོག་པའི་ལས་རོགས་༢ ཡང་ འདྲོག་བྱེལ་འཐབ་མི་ལུ་བརྟེན་ ཚ་ངེར་བཏོན་ཏེ་ ཕྱི་ཁར་ཐོན་སྡོདཔ་མ་གཏོགས་ བཱསི་ནང་ཡོད་པའི་ མེ་བསད་འཕྲུལ་ཆས་དེ་ ལག་ལེན་འཐབ་མ་ཤེས་པས་ཟེར་ཨིན་པས།


དེད་གཡོགཔ་གི་ ངག་བརྗོད་དང་འཁྲིལཝ་ད་ མེ་རྐྱེན་དེ་ འགོ་དང་པ་ར་ དེད་གཡོགཔ་སྡོད་སའི་ ཉེ་འདབས་ལས་སྦེ་ འབར་ཡོདཔ་ད་ དེ་བསྒང་ ཁོ་ར་ འདྲོག་བྱེལ་འཐབ་པའི་ཤུགས་ཀྱིས་ ག་ཅི་ཡང་ འབད་ཐབས་མེད་པར་ འགྲུལ་པ་ཚུ་ ཕྱི་ཁར་འཐོན་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།


འགྲུལ་པ་ལ་ལུ་ཅིག་ སྒེར་གྱི་སྣུམ་འཁོར་དང་ གཞན་མི་ཚུ་ བཱསི་དང་ གླ་འཁོར་ཚུ་ནང་ བཙུགས་ཐོག་ལས་ ཕུན་ཚོགས་གླིང་ལུ་ བཏང་ཡོདཔ་ཨིན་པས།


དེ་ལས་ འགྲུལ་པ་ཚུ་གི་ ཁུར་ཆ་ཚུ་ཡང་ མང་ཤོས་ར་ ཕབ་ཚུགས་ཡོདཔ་ཨིན་རུང་ ཁུར་ཆ་ལ་ལུ་ཅིག་ མེ་གིས་ འཚིགས་ཡོདཔ་ཨིན་པས།


གནག་མདོག་གིས་འབད་བ་ཅིན་ མེ་རྐྱེན་དེ་ འཕྲུལ་ཆས་ལུ་བརྟེན་ཏེ་ མེན་པའི་ཁར་ འགྲུལ་པ་ཚུ་ལུ་ གནོད་སྐྱོན་ཚུ་ཡང་ ག་ཅི་ཡང་མ་བྱུངམ་ལས་ དེད་གཡོགཔ་དང་ དེད་གཡོག་པའི་ལས་རོགས་༢ ཆ་ར་ ལོག་བཏང་ཡི་ཟེར་ཨིནམ་ད་ ཨིན་རུང་ མེ་རྐྱེན་དེ་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ དབྱེ་ཞིབ་འབད་དོ་ཡོདཔ་ད་ མེ་རྐྱེན་གྱིས་ ཧྲིལ་པོར་འཚིགས་མི་ འགྲུལ་སྐྱེལ་བཱསི་དེ་ ཁ་ཙ་ཚུན་ ས་གནས་དེ་ཁ་ར་ བཞག་ཡོདཔ་ཨིན་པའི་གནས་ཚུལ།



No comments:

Post a Comment