གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚལ་ལུ་ཕྱིར་ཚོང་འཐབ་ནི་ལུ་ དཀའ་ངལ་སྣ་ཚོགས།

ལས་མི་ཚུ་ ཚལ་ལུ་ཕྱིར་སེལ་རྐྱབ་པའི་བསྒང་།
༨/༠༡/༢༠༡༣། ༉ དུས་ཅི་ ཚལ་ལུའི་ཐོན་སྐྱེད་ལེགས་ཤོམ་མེདཔ་མ་ཚད་ རྒྱ་གར་གྱི་ ས་མཚམས་ས་ཁོངས་ཚུ་ནང་ ངོ་རྒོལ་འགྲེམ་སྟོན་ཚུ་འབད་མི་ལུ་བརྟེན་ ཚལ་ལུ་ཕྱིར་ཚོང་འཐབ་མི་ཚུ་ ཉོ་མི་འབད་སར་ ལྷོད་ནིའི་དོན་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།

ས་མཚམས་ནང་ ངོ་རྒོལ་འགྲེམ་སྟོན་དེ་གིས་ ཚལ་ལུ་ཚུ་ རྒྱ་གར་དང་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ འབྲུག་ཕྱིར་ཚོང་ཚོགས་པའི་ འཐུས་མི་ཚུ་གིས་ བཤདཔ་ཨིན་པས།


ཁོང་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་གིས་སྦེ་ རྒྱ་གར་གྱི་གཞུང་ལམ་ ལག་ལེན་འཐབ་མི་ འབྲུག་གི་ལྷོ་ཕྱོགས་དང་ ཤར་ཕྱོགས་ཁ་ཐུག་གི་ ཚལ་ལུ་བཀྲམ་སྤེལ་འབད་མི་ཚུ་ ཡུན་འགྱངས་ལུསཔ་མས་ཟེར་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་གིས་འབད་བ་ཅིན་ ཚལ་ལུ་སྒམ་རྐྱབ་ནི་དེ་ བརྒྱ་ཆ་༩༠ དེ་ཅིག་ ཕུན་ཚོགས་གླིང་ལུ་སྦེ་ འབདཝ་ཨིན་ཟེར་ཨིན་པས།


ད་ལྟོ་ ཨ་སམ་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་དེ་གིས་ ས་གནས་ དགེ་ལེགས་ཕུག་དང་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ དེ་ལས་ ཌའི་ཕཱམ་གྱི་ ཚལ་ལུ་ཚུ་ དེ་སྦེ་ར་ ཐོག་སྟེ་ལུས་སོ་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ཟླ་༡༡ པའི་ཚེས་༡༦ ལས་ སྤྱི་ཟླ་༡༢ པའི་ཚེས་༢༨ ཚུན་ ངོ་རྒོལ་འགྲེམ་སྟོན་ ཚར་༧ འབད་ནུག་ཟེར་ཨིན་པས།


འབྲུག་ཕྱིར་ཚོང་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་ཡེ་ཤེས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ བཀྲམ་སྤེལ་བ་ཚུ་དང་ མི་སེར་སོ་ནམ་པ་ཚུ་གིས་ རྒྱལ་ཡོངས་གཞུང་ལམ་ལག་ལེན་འཐབ་སྟེ་ སྐྱེལ་འདྲེན་འབད་རུང་ བཏུབ་ནི་ཨིན་རུང་ ལམ་ཐག་རིང་ནི་དེ་གིས་ སྤུས་ཚད་ལུ་ གནོད་པ་རྐྱབ་འོང་ཟེར་ཨིན་པས།


ཨ་རྟག་འབད་བ་ཅིན་ ཚལ་ལུ་ཚུ་ ཕྱི་རུ་དོས་རྐྱབ་ཞིནམ་ལས་ དེ་གི་ནངས་པ་དྲོ་པ་ ཧ་སག་ར་ རྒྱ་གར་དང་ བེང་ལ་དེཤ་གི་ ས་མཚམས་ བུ་རི་མ་རི་ཟེར་ས་ལུ་ སྐྱེལ་དོ་ཡོདཔ་ཨིན་པས།


བུ་རི་མ་རི་དེ་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༡༡༥ གི་ ས་ཁར་ཨིན་པས།


མ་གཞི་ ངོ་རྒོལ་འགྲེམ་སྟོན་གྱི་ གནས་སྡུད་ཆ་ཚང་མེད་དེ་འབད་རུང་ ཚེ་རིང་ཡེ་ཤེས་ཀྱིས་འབད་བ་ཅིན་ ངོ་རྒོལ་འགྲེམ་སྟོན་དེ་གིས་ ཕྱིར་ཚོང་འཐབ་མི་ཚུ་ལུ་ གནོད་པ་སྦོམ་འདུག་ཟེར་ཨིན་པས།


འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་ ས་སམ་མངའ་སྡེ་ནང་ དུས་ཡུན་ཆུ་ཚོད་༧༠ ངོ་རྒོལ་འགྲེམ་སྟོན་འབད་བའི་སྐབས་ ཚོགས་སྡེ་གིས་ ཚལ་ལུ་ཊཱག་༧ དགེ་ལེགས་ཕུག་ལས་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བུ་རི་མ་རི་ བཏང་པའི་སྐབས་ ཚལ་ལུ་བརྒྱ་ཆ་༧༠ དེ་ཅིག་ མེདཔ་ཐལ་སོ་ནུག་ཟེར་ཨིན་པས།


ཉིནམ་རེ་ནང་ ཚལ་ལུ་ཉུང་ཤོས་ སྣུམ་འཁོར་ཊཱག་༤༠ དེ་ཅིག་ བུ་རི་མ་རི་ལུ་ བཏང་དོ་ཡོདཔ་ཨིན་རུང་ ང་རྒོལ་འགྲེམ་སྟོན་འབད་བའི་སྐབས་ ཚལ་ལུ་དོས་རྐྱབ་ཡོད་མི་ཚུ་ དེ་སྦེ་ར་ ཐོགས་ལུསཔ་མས་ཟེར་ཨིན་པས།
པདྨ་དགའ་ཚལ་ ངང་ལམ་ལས་ ཚལ་ལུ་ཕྱིར་ཚོང་འཐབ་མི་ ཉི་མ་དོན་གྲུབ་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཁོ་གི་ དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་གནས་པའི་ ཚལ་ལུ་ཚུ་ མེདཔ་ཐལ་བའི་ཤུལ་ལུ་ ཚལ་ལུའི་ལཱ་དེ་ དེ་ཅིག་སྦེ་ བཞག་ད་ཡི་ཟེར་ཨིན་པས།


ངོ་རྒོལ་འགྲེམ་སྟོན་དེ་གིས་ ཚོང་འབྲེལ་རྐྱངམ་གཅིག་མིན་པར་ གོང་ཚད་ལུ་ཡང་ ཐོ་སྦོམ་སྦེ་ར་ ཕོགཔ་མས་ཟེར་ ཕྱིར་ཚོང་འཐབ་མི་ གཞན་ཅིག་གིས་ བཤདཔ་ཨིན་པས།


བེང་ལ་དེཤ་ལུ་ ཚལ་ལུ་སྐྱེལ་འདྲེན་འབདཝ་ད་ དུས་ཚོད་འགོར་དོ་ཡོདཔ་ལས་ འབྲུག་ཕྱིར་ཚོང་ཚོགས་པ་གིས་ ཚོང་འབྲེལ་ལས་ཁུངས་ལུ་ ལྷ་མོའི་རྫིང་ཁའི་ ཚོང་ལམ་དེ་ ལོག་འགོ་ཕྱེ་གནང་དགོ་པའི གྲོས་འཆར་ཚུ་ཡང་ བཀོད་ཡི་ཟེར་ཨིན་པས།


ཚོང་འབྲེལ་ལས་ཁུངས་ཀྱིས་ རྒྱ་གར་གཞུང་དང་ ཁ་སླབ་པའི་བསྒང་ཡོད་ཟེར་ ཚོང་འབྲེལ་འགོ་དཔོན་ཚུ་གིས་ ཚོགས་པའི་འཐུས་མི་ལུ་ བཤད་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment