གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་ཧིང་སངས་ས་བཞག་དགོ་པ་ཅིན་ མི་མང་ལུ་ དྲན་ཤེས་ཐེབས་དགོཔ།

ཁས་བླངས་་པ་ཚུ་གིས་ བཙོག་གཡུར་ཕྱགས་བདར་རྐྱབ་པའི་བསྒང་།
༨/༠༡/༢༠༡༣། ༉ ཁ་ཙ་ ཕུན་ཚོགས་གླིང་ཁྲོམ་སྡེའི་ཕྱགས་བདར་ལས་རིམ་ནང་ ཁས་བླངས་ཐོག་ལས་ བཅའ་མར་གཏོགས་མི་ཚུ་གིས་  ཁྲོམ་དེ་ ཧིང་སངས་ས་སྦེ་བཞག་ནིའི་དོན་ལུ་ མཉམ་འབྲེལ་འབད་ཡོདཔ་ཨིན་པས།

འབྲུག་ཨི་ཀོམ་གྱིས་ འགོ་འདྲེན་འཐབ་ཐོག་ལས་ ཚོང་པའི་འཐུས་མི་༢༠༠ ལྷགཔ་ཅིག་གིས་ ཁས་བླངས་ཐོག་ལས་ ཉིནམ་ཅིག་གི་ ཕྱགས་བདར་ལས་རིམ་ནང་ འབྲེལ་གཏོགས་འབད་ཡོདཔ་ད་ ཁས་བླངས་པ་ཚུ་གིས་ ཁྲོམ་གྱི་ས་ཁོངས་ནང་ བཙོག་གཡུར་བསུབས་སྡོད་མི་ཚུ་ བསལ་ཡོདཔ་ཨིན་རུང་ འགོ་འདྲེན་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲོམ་ཧིང་སངས་ས་བཞག་ཐབས་ལུ་ ད་རུང་ འབད་དགོཔ་ལེ་ཤ་ར་འདུག་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ཁྲོམ་གྱི་ བཙོག་གཡུར་མང་ཤོས་ཅིག་ར་ རྡོ་ཆུང་ཀུ་ཚུ་ བླུགས་ཐོག་ལས་ བཙོག་གཡུར་གང་ཡོད་མི་ཚུ་ཨིན་མས་ཟེར་ཨིནམ་ད་ ང་བཅས་ཀྱིས་ བཙོག་གཡུར་ལ་ལུ་ཅིག་ནང་ བསལ་བར་ ལྷོད་མི་ཚུགས་པས་ཟེར་ཨིན་པས།


ཚོང་པའི་འཐུས་མི་མང་ཤོས་ཅིག་གིས་ རང་སོའི་ཚོང་ཁང་ཚུ་ སྒོ་བསྡམས་བཞག་ཐོག་ལས་ ཕྱགས་བདར་རྐྱབ་པ་ འོང་མི་ཚུ་གིས་སླབ་མིའི་ནང་ ཁྲོམ་དང་ བཙོག་གཡུར་ཚུ་ བཙོག་པ་བཟོ་མི་དེ་ ང་བཅས་ཚོང་པ་ཚུ་གིས་ ལག་ལེན་འཐབ་ཐངས་ལུ་རག་ལསཔ་ཨིན་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཁོང་གི་ ས་ཁོངས་ཚུ་ནང་ལས་ཕར་ ཕྱགས་བདར་རྐྱབ་སྟེ་འབད་རུང་ ལ་ལུ་ཅིག་གིས་ འདི་ལུ་ སྣང་དག་ར་མ་བསྐྱེད་པར་སྡོདཔ་མ་ཚད་ ཁས་བླངས་ཐོག་ལས་བཅའ་མ་ཡང་ མ་གཏོགས་ནི་དེ་གིས་ཨིན་ཟེར་ཨིན་པས།


ཚོང་པ་གཞན་མི་ཅིག་གིས་སླབ་མིའི་ནང་ ས་ཁོངས་ནང་སྡོད་མི་ཚུ་ལུ་ རང་སོའི་མཐའ་འཁོར་ཧིང་སངས་ས་སྦེ་ བཞག་ནི་ལུ་ དག་སྣང་མ་བསྐྱེད་མི་ལུ་བརྟེན་ཨིནམ་ད་ ང་བཅས་ཀྱིས་ ཁོང་ལུ་ བཙོག་པ་ཚུ་ གཡུར་བ་ནང་མ་བཀོག་ཟེར ་སླབ་སྟེ་འབད་རུང་ ཁོང་གིས་ དེ་ཁ་ར་བཀོག་དོ་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ བཙོག་གཡུར་དང་ ཁྲོམ་དེ་ ཁྱོད་ཀྱི་བདག་དབང་ལུ་ ཡོདཔ་ཨིན་ན་ཟེར་བའི་ དྲིས་བཀོད་ཡང་འབདཝ་མས་ ཟེར་ཨིན་པས།


ཁས་བླངས་པ་ཚུ་གིས་འབད་བ་ཅིན་ ས་ཁོངས་ནང་སྡོད་མི་ཚུ་གིས་ ཁོང་རའི་ཕྱགས་སྙིགས་ཚུ་ ག་ལྷོད་བཀོགཝ་མ་ཚད་ རྡོག་མ་སྤུར་མིའི་ཤོག་གུ་དང་ ཆུ་ཤོག་ཚུ་ སྒོ་སྒྲིག་ནང་ལས་ བཙོག་གཡུར་ནང་བཀོགཝ་མས་ཟེར་ཨིན་པས།


འདི་བཟུམ་གྱི་ལག་ལེན་ངན་པ་དེ་ ཚོང་པ་ཚུ་གིས་རྐྱངམ་གཅིག་བལྟ་ནི་མིན་པར་ མི་མང་ཚུ་གིས་ཡང་ བལྟ་དགོཔ་འདུག་ཟེར་ཨིན་པས།


འབྲུག་ཨི་ཀོམ་ལས་ ཨོ་རྒྱན་རྒྱལ་མཚན་གྱིས་བཤད་མིའི་ནང་ ཁས་བླངས་འབད་མི་འཐུས་མི་ ༢༠༠ ལྷགཔ་ཅིག་འོང་མི་གིས་ འདི་བ་ཡང་ལྷགཔ་སྦེ་ བཅའ་མར་གཏོགས་ནིའི་རེ་འདོད་བསྐྱེད་མི་དེ་ཡང་ ཕུན་ཚོགས་གླིང་གི་ཁྲོམ་ཁར་ སྡོད་མི་མང་རབས་ཅིག་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།


ཕུན་ཚཚོགས་གླིང་ཁྲོམ་འཐུས་མི་ ཀརྨ་ཅེན་གྱིས་བཤད་མིའི་ནང་ ཁྲོམ་སྡེ་ཡིག་ཚང་གིས་ ཁྲོམ་ཧིང་སངས་ས་སྦེ་བཞག་དོན་ལུ་ སྒྲིག་དམ་དམ་འབད་ན་མ་གཏོགས་ མི་སེར་ཚུ་གིས་ འདི་ལུ་དག་སྣང་བསྐྱེད་མི་བཏུབ་ནི་ཨིན་མས་ཟེར་ཨིན་པས།


ད་རེས་ཀྱི་ཕྱགས་བདར་ལས་རིམ་ནང་ ཁས་བླངས་ཐོག་ལས་བཅའ་མར་གཏོགས་མི་ཚུ་ཡང་ ཚོང་པའི་མིང་ཐོ་ཚུ་ བཏོག་བཀོག་ནི་ཨིན་ཟེར་ སླབ་མི་ལུ་བརྟེན་འོང་ནུག་ཟེར་ཨིན་པས།


མི་མང་ལུ་ འབད་བརྩོན་བསྐྱེད་ཐབས་ལུ་ ཁྲོམ་སྡེའི་ཁ་ཐུག་ལས་ སྤྲོ་བ་བསྐྱེད་དགོཔ་སྦོམ་འདུག་ཟེར་ ཀརྨ་ཅེན་གྱིས་བཤདཔ་ཨིན་པས།


ཕུན་ཚོགས་གླིང་གི་ ཁྲོམ་སྡེའི་མཐའ་འཁོར་གནས་སྟངས་འགོ་འཛིན་ འཇིགས་མེད་ཕུན་ཚོགས་ཀྱིས་བཤད་མིའི་ནང་ མི་མང་གི་ཁ་ཐུག་ལས་ ངོས་ལེན་ཆུང་སུ་འབད་མི་དེ་ ཧེ་མ་ལས་ར་ཨིན་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ མི་མང་ལུ་ གསལ་བསྒྲགས་ལན་གྲངས་མང་རབས་ཅིག་འབད་རུང་ འདི་ལུ་ བཅོ་ཐབས་མིན་འདུག་ཟེར་ཨིན་པས།


མི་མང་ཚུ་གི་སེམས་ཁར་ ཁྲོམ་ཕྱགས་བདར་རྐྱབ་ནི་དེ་ ཁྲོམ་སྡེ་ལུ་ཕོགཔ་ཨིན་ཟེར་བའི་དྲན་ཚོར་བསྐྱེདཔ་མས་ཟེར་ཨིན་པས།


སྡེ་ཚན་གྱིས་ ཁྲོམ་ཧིང་སངས་ས་བཞག་ཐབས་ལུ་ ག་དེམ་ཅིག་ར་རྩ་འགེངས་རུང་ ས་གནས་ནང་སྡོད་མི་ཚུ་གིས་ བཙོག་པ་ཚུ་ བཙོག་གཡུར་ནང་བཀོ་བའི་ཁར་ དམིགས་བསལ་གྱི་ གནམ་ནུབ་མོ་ ཕྱགས་སྙིགས་ཚུ་ གཡུར་བ་ནང་བཀོག་བཞགཔ་མས་ཟེར་ཨིན་པས།


ཁྲོམ་སྡེ་ཡིག་ཚང་གིས་ ཕྱགས་སྙིགས་ཚུ་ ཚུལ་དང་མཐུནམ་སྦེ་ ཕྱགས་སྙིགས་བླུགས་སའི་ཧོད་ནང་ མ་བླུགས་པར་ ག་ལྷོད་ལག་ལེན་འཐབ་ས་མཐོང་པའི་སྐབས་སུ་འཛིན་བཟུང་འབད་དེ་ ཉེས་ཆད་ཚུ་ བཀལ་ནི་འགོ་བཙུགས་ཡོད་པའི་ཁར་ འཕྲལ་འཕྲལ་སྦེ་ར་ ཞིབ་དཔྱད་ཚུ་རྐྱབ་དོ་ཟེར་ཨིན་པས།


ཕྱགས་བདར་ལས་རིམ་དེ་ ཟླཝ་ཅིག་གི་རིང་ལུ་འགོ་འདྲེན་འཐབ་ནི་ཨིནམ་ལས་ མི་མང་གིས་ ཤུལ་མའི་ལས་རིམ་ནང་ འབྲེལ་གཏོགས་འབད་ནིའི་རེ་བ་ཡོད་ཟེར་ ཨོ་རྒྱན་རྒྱལ་མཚན་གྱིས་བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment