གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་མི་ལྷ་ཁང་ ཉམས་བཅོས་འབད་མ་ཚུགས་པར་ཡོདཔ།

༢/༡/༢༠༡༣   ལྷ་ཁང་དེ་གིས་ སྤྱི་འོག་༣ གྱི་ ཁྱིམ་གུང་༤༠༠ དེ་ཅིག་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
 ༉ དར་དཀར་ནང་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་ནང་ སྤང་སེར་བུ་དང་ སྤང་ན་ ཐང་ན་སྤྱི་འོག་གསུམ་གྱི་ ཆོས་འབྲེལ་ལས་སྣ་ཚུ་གི་དོན་ལུ་ ལྟེ་བ་གཙོ་ཅན་ཅིག་ཨིན་མི་ རྒེད་འོག་ནང་ རྙིང་ཤོས་ཅིག་ཨིན་མི་ འབྲུག་རྗེས་སྒང་ལྷ་ཁང་དེ་ སྤྱི་ལོ་༢༠༡༡ ཟླ་༩ པའི་ ས་ཡོམ་གྱིས་ གནོད་སྐྱོན་སྦོམ་རྐྱབ་སྟེ་ ལོ་ལྷག་སོ་རུང་ ད་ལྟོ་ཡང་ ཉམས་བཅོས་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ས་ཡོམ་གྱིས་ གག་འགྲམ་བཏོན་མི་ འབྲུག་རྗེས་སྒང་ལྷ་ཁང་།


མི་ལོ་བརྒྱ་ལྷགཔ་ཅིག་ལང་མི་ འབྲུག་རྗེས་སྒང་འབྲིང་རིམ་སློབ་གྲྭ་གོང་མའི་ ཉེ་འདབས་ལུ་ཡོད་པའི་ ལྷ་ཁང་དེ་ སྤྱི་ལོ་༢༠༡༡ ཟླ་༩ པའི་ནང་ ས་ཡོམ་གྱིས་ གྱང་རྩིག་ཅིག་ལུ་ གག་འགྲམ་སྦོམ་རྐྱབ་ཡོདཔ་མ་ཚད་ ནང་ན་ཡང་ ནང་རྟེན་གཙོ་ཅན་ཅིག་ཨིན་མི་ རིང་ཚད་ཕིཊ་༩ དེ་ཅིག་འབད་མི་ སྟོན་པའི་སྐུ་འདྲ་དེ་ཡང་ དུམ་གྲ་ཅིག་ གདོང་ཁར་ ཕུད་བཏང་ཡོདཔ་ཨིན་པས།
འབྲུག་རྗེས་སྒང་རྒཔོ་ འཕྲིན་ལས་དབང་ཕྱུག་གིས་ སླབ་མིའི་ནང་ ལྷ་ཁང་དེ་གི་ ཀ་ཆེན་ཚུ་ཡང་ ཧ་ལམ་ རམ་སག་ས་སྦེ་ཡོད་རུང་ ཉམས་བཅོས་འབད་མ་ཚུགས་པར་ ཡུན་འགྱངས་ལུས་མི་དེ་ཡང་ འདས་པའི་ལོ་ནང་ ལྷ་ཁང་ཉམས་བཅོས་ཀྱི་དོན་ལུ་ མ་དངུལ་བཞག་ཡོད་རུང་ ལྷ་ཁང་དེ་ལུ་ ཉམས་སྐྱོན་སྦོམ་བྱུང་མི་ལུ་བརྟེན་ བཤོལ་བཞག་ཡི་ཟེར་ཨིན་པས།
ཨིན་རུང་ འཆར་གཞི་༡༡ པའི་ནང་ རྩ་བ་ལས་ བཤུབ་གཏང་སྟེ་ ལོག་རྐྱབ་ནིའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༢༠ དེ་ཅིག་ བཏོན་བཞག་ཡོདཔ་ད་ འཕྲལ་མགྱོགས་ར་ ལཱ་འགོ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ལྷ་ཁང་དེ་ ག་གིས་བཞེངས་བཞེངསམ་ཨིན་ན་ དྲན་ཚུགས་མི་ ག་ཡང་མེདཔ་ད་ ལྷ་ཁང་ནང་ ནང་རྟེན་ཚུ་ཡང་ ཕིཊ་༩ འབད་མི་ སྟོན་པའི་སྐུ་འདྲ་གིས་གཙོས་པའི་ སྟོན་པའི་སྐུ་འདྲ་གཞན་༢ དང་ གུ་རུ་ དེ་ལས་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ སྐུ་འདྲ་ཚུ་ཡོདཔ་ཨིན་པས།
ལྷ་ཁང་དེ་གིས་ སྤྱི་འོག་༣ གྱི་ ཁྱིམ་གུང་༤༠༠ དེ་ཅིག་ལུ་ ཕན་ཐོགས་དོ་ཡོདཔ་ཨིན་པས།
འཕྲིན་ལས་དབང་ཕྱུག་གིས་ སླབ་མིའི་ནང་ ལྷ་ཁང་དེ་ རྒེད་འོག་གི་དོན་ལུ་ གཅིག་ལས་མེདཔ་བཞིན་དུ་ སྤྱི་འོག་༣ གྱི་ མི་སེར་ཚུ་གིས་ དུས་ཆོག་འབུམ་སྡེ་དང་ དུས་བཟང་ཚུ་ནང་ ཚོགས་འཁོར་སྐོར་ས་ དེ་གི་ནང་ལས་ཡང་ གཤིན་པོའི་དགེ་རྩ་བསྒྲུབ་ས་ ངོ་མ་ཅིག་ཨིན་པས།
ལྷ་ཁང་དེ་ལུ་ ཉམས་སྐྱོན་བྱུང་ཡོད་རུང་ ཆོས་འབྲེལ་གྱི་ ལས་སྣ་ཚུའི་དོན་ལུ་ བར་ཆད་མ་རྐྱབ་པར་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ཉེན་ཁ་དུམ་གྲ་ཅིག་ ཡོདཔ་ཨིན་པས།
འཕྲིན་ལས་དབང་ཕྱུག་གིས་ སླབ་མིའི་ནང་ ལྷ་ཁང་དེ་ རྒེད་འོག་གི་ མི་སེར་ཚུ་གིས་ སྦུང་འགུལ་གྱི་ ཞབས་ཏོག་ཐོག་ལས་སྦེ་རྐྱབ་ནི་ཨིནམ་ད་ ལོ་༢ དེ་ཅིག་ནང་ ཡོངས་རྫོགས་བསྒྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྒེད་འོག་ནང་ འདས་པའི་ལོ་དག་པ་ཅིག་ཚུན་ ལྷ་ཁང་དེ་མ་གཏོགས་ གཞན་མེདཔ་ཨིན་པས།
ད་རེས་ནངས་པ་ ལྷ་ཁང་གསརཔ་༣ དེ་ཅིག་ཡོདཔ་ཨིན་རུང་ ཆོས་འབྲེལ་གྱི་ ལས་སྣ་ཚུ་ མང་ཤོས་ར་ འབྲུག་རྗེས་སྒང་ལྷ་ཁང་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment