གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེས་རབ་གླིང་ འབྲིང་རིམ་སློབ་གྲྭ་གོང་མ་གིས་ མདའ་རྩེད་དྲག་ཤོས་ཐོན་ཡོདཔ།

༩/༠༡/༢༠༡༣། ༉ འབྲུག་རྒྱབ་ཁབ་ཀྱི་ འབྲིང་རིམ་སློབ་གྲྭ་གོང་མའི་ རང་ལུགས་སྤང་ཤིང་གི་ཐོག་ལས་ མདའ་རྩེད་འགྲན་བསྡུར་གྱི་ མཐའ་བཅད་རྩེད་འགྲན་ནང་ ཀྲོང་གསར་རྫོང་ཁག་གི་ ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་གོང་མ་དང་ སྦས་གླིང་འབྲིང་རིམ་སློབ་གྲྭ་གོང་མ་གཉིས་ལྷོད་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༦ རེས་གཟའ་ཟླཝ་ལུ་ ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་གོང་མ་དང་ སྦས་གླིང་འབྲིང་རིམ་སློབ་གྲྭ་གོང་མ་ གཉིས་ཀྱི་བར་ན་ མཐའ་བཅད་འགྲན་བསྡུར་གྱི་རྩེད་འགྲན་འབདཝ་ད་ ཤེས་རབ་གླིང་འབྲིང་རིམ་སློབ་གོང་མ་གིས་ སྐོར་ཐེངས་༡༥ འི་ནང་ སྐུགས་༢༣ ཐོབ་ད་ གཞན་མི་སྡེ་ཚན་གྱིས་ སྐུགས་༧ ལས་བརྒལ་ཐོབ་མ་ཚུགསཔ་ལས་ ཕམ་ཡོདཔ་ཨིན་པས།

ལས་རིམ་དེ་ ཀྲོང་གསར་རྫོང་ཁག་ ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ལུ་སྦེ་ ལུང་ཕྱོགས་རྫོང་ཁག་༧ ལས་ མདའ་རྩེད་དྲག་ཤོས་ཐོན་མི་ཚུ་གིས་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༣ ལས་༦ ཚུན་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།


ལོ་བསྟར་བཞིན་དུ་ རྫོང་ཁག་༢༠ གི་ འབྲིང་རིམ་སློབ་གྲྭ་གོང་མ་ཚུ་གི་བར་ན་ ན་གཞོན་རྩེད་རིགས་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལས་ མདའ་རྩེད་འགྲན་བསྡུར་འབད་དེ་ དུས་ཅི་གི་ ལོ་༦ སོང་ཡོདཔ་ཨིན་པས།


ན་གཞོན་རྩེད་རིགས་ལས་ཁུངས་ཀྱི་ རྩེད་སྟོན་དང་ རྩེད་མོའི་ལས་ཚན་ལས་ ལས་རིམ་གཙོ་འཛིན་འགོ་དཔོན་ རིག་འཛིན་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ འབྲིང་རིམ་སློབ་གྲྭ་གོང་མ་ཚུ་གི་བར་ན་ རྩེད་འགྲན་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་དེ་ རང་ལུགས་རྒྱལ་ཡོངས་ཀྱི་རྩེདམོ་ མི་ཉམས་གོང་འཕེལ་གཏང་ནི་དང་  འདི་དང་འབྲེལ་བའི་ ཤེས་ཡོན་དང་ རིག་རྩལ་ དེ་ལས་ ལྕོགས་གྲུབ་ཡར་རྒྱས་གཏང་ཐབས་ལུ་ ཨིན་ཟེར་ཨིན་པས།


རྩེད་འགྲན་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ གཞུང་ལས་ མ་དངུལ་ དངུལ་ཀྲམ་༣,༥༠,༠༠༠ ཐམ་པ་ གནང་དོ་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༢ ཀྱི་ རྒྱལ་ཡོངས་མདའ་རྩེད་དྲག་ཤོས་ཐོན་མི་ ཤེས་རབ་གླིང་འབྲིང་རིམ་སློབ་གྲྭ་བར་མ་ལུ་ ཨང་དང་པའི་གསོལ་རས་དང་ ངོ་རྐྱང་གི་རྟགས་མ་དང་ ལག་ཁྱེར་ དེ་ལས་ ཨང་༢ པ་ཐོན་མི་ལུ་ཡང་ གསོལ་རས་དང་ ལག་ཁྱེར་ཚུ་ བྱིན་ཡོདཔ་བཞིན་དུ་ ཉིནམ་གཅིག་གི་ བཀག་རེག་མཐོ་ཤོས་དང་ མདའ་ཡ་ དོབ་སྦྱེལ་ མདའ་འཆམ་ལེགས་ཤོམ་རྐྱབ་མི་ དེ་ལས་ མདའ་རྩེདཔ་དྲག་ཤོས་ཐོན་མི་ཚུ་ལུ་ གསོལ་རས་ཚུ་ བྱིན་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment